ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡིག་ཚགས་བྱ་བའི་ཁྲིམས་འཛུགས་རྟོག་ཞིབ་སྤེལ།
2025.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་བྱ་བའི་སྲོལ་ཡིག་གི་ཐོག་མའི་ཞིབ་བཤེར་བྱ་བ་བཟང་བོར་སྒྲུབ་ཆེད། ཟླ5པའི་ཚེས26ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཡིག་ཚགས་ཅུའུ་དང་ཞིང་ཆེན་ཡིག་ཚགས་ཁང་དུ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་སྤེལ།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཞིང་ཆེན་ཡིག་ཚགས་ཁང་ལོ་རྒྱུས་ཡིག་ཚགས་འགྲེམས་སྟོན་ཁང་དང་ཆེད་ཉར་ཁང་། ཡིག་ཚགས་ཉམས་གསོ་ལྟེ་གནས་བཅས་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། རང་ཞིང་གི་ཡིག་ཚགས་སྡུད་རུབ་ལེགས་སྒྲིག་དང་སྲུང་སྐྱོབ་བེད་སྤྱོད། སྒོ་འབྱེད་ཁྱབ་བསྒྲགས། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བཞུགས་མོལ་བརྗེ་རེས་བྱས་ནས། འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན།

རྟོག་ཞིབ་ཚན་ཆུང་གིས་ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གི་བྱ་བའི་གྲུབ་འབྲས་་ལ་ཁས་ལེན་གང་ལེགས་བྱས། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས། ཡིག་ཚགས་ལས་དོན་ནམ་ཡང་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས། ཏང་གི་ཁྲིམས་འཛུགས་བྱ་བའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ཀྱི་གོ་རིམ་ཁྲོད་ཀྱི་བྱ་བ་གཙོ་བོ་དང་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུ་ལ་ཡར་ཞུ་བྱས་ཏེ། ཡིག་ཚགས་ཁྲིམས་འཛུགས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་བྱ་བའི་རེ་བ་བཅས་མཉམ་ལས་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཁྱད་ལྡན་ཁྲིམས་འཛུགས་བྱེད་པ་དང་། ཡིག་ཚགས་བྱ་བས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོར་ཞབས་འདེགས་ཞུ་བའི་འཇུག་ས་དང་ཤུགས་འདོན་ས་འཚོལ་བ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛུགས་རྟོག་ཞིབ་ལ་ཤུགས་སྣོན་པ། ཞིང་ཆེན་ཕྱིའི་ཁྲིམས་འཛུགས་ཉམས་མྱོང་བསྡུ་ལེན་དང་དཔེ་ལྟ་བྱེད་པ། དུས་ཐོག་ཏུ་རང་ཞིང་གི་ཉམས་མྱོང་བྱེད་ཐབས་དེ་ལམ་ལུགས་ཀྱི་གཏན་ཁེལ་དུ་རིམ་འཕེལ་བྱས་ནས། སྲོལ་ཡིག་གི་བཀོལ་སྤྱོད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་ལེགས་ཞིབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་གནས་ཁྲིམས་འཛུགས་ཀྱི་ལག་བསྟར་རང་བཞིན་དང་ཁ་གསབ་རང་བཞིན། འཚོལ་ཞིབ་རང་བཞིན་གྱི་རྩོལ་ནུས་ཀྱི་ངེས་གནས་ཁོང་དུ་ཆུད་པར་བྱེད་པ། གནད་དོན་ལ་ཁ་ཕྱོགས་ནས་ཁྲིམས་འཛུགས་བྱེད་པ་དང་ཁྲིམས་བཙུགས་ནས་གནད་དོན་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོལ་ཡིག་འཛུགས་ཐུབ་པ་དང་བཀོལ་ཐུབ་པ། སྤྱོད་གོ་ཆོད་པར་ཁག་ཐེག་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།