ལིས་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ཕྱོགས་གསུམ་གྱི་དཔལ་འབྱོར་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
2025.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

 ས་དེའི་དུས་ཚོད་ཟླ5པའི་ཚེས27ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཅི་ལུང་ཕོ་རུ་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མེན་ཀྲིན་དང་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ཕྱོགས་གསུམ་གྱི་དཔལ་འབྱོར་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ལིས་ཆང་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་བདེ་བླག་ངང་སྤེལ་བ་དེས། ཕྱོགས་གསུམ་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཡོད་པ་བསྟན། རྩེ་ཚོགས་ཀྱིས“གོ་སྐབས་མཉམ་བསྐྲུན་དང་དར་རྒྱས་མཉམ་སྤྱོད”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པས་དོན་སྙིང་ཆེན་པོ་ལྡན། ད་ལྟའི་དུས་རབས་ཀྱི་རྒྱབ་ལྗོངས་འོག ལག་གདང་སྦྲེལ་ནས་འགྲན་སློང་ལ་གདོང་གཏོད་ན་གོ་སྐབས་གསར་གཏོད་བྱ་དགོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བཅས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་ཡུན་རིང་ལ། རྔམ་མཐུག་པའི་ལོ་རྒྱུས་གཞིར་བཟུང་ན་ཕྱོགས་གསུམ་གྱི་མཉམ་ལས་ལ་འོད་སྟོང་འབར་བའི་གྲུབ་འབྲས་མུ་མཐུད་དུ་ལོན་ངེས་ལ་མ་འོངས་པར་སྔར་ལས་རེ་བ་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་མཉམ་དུ། མཉམ་དུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མུ་མཐུད་དུ་བཏོད་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཕྱོགས་གསུམ་གྱི་མཉམ་ལས་ལ་མུ་མཐུད་དུ་སྒུལ་ནུས་གསར་པ་སྩོལ་དགོས། ད་ལོར། ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན་“ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཞིག་ཡིན་པ་ལས་རྫིང་བུ་ཆུང་ཆུང་ཞིག་མིན། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ངང་ཡུན་རིང་ལ་རྒྱུན་འཁྱོངས་ཐུབ་པའི་ནུས་པ་དང་ཡིད་ཆེས་ཡོད།     ང་ཚོས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྐང་འཛུགས་ས་དེ་ནང་མཁོ་རྒྱ་སྐྱེད་དུ་གཏོང་བ་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ལྡན་དུ་གཏོང་བའི་ཐོག་འཇོག་དགོས་པ་དང་། དེ་དང་ཆབས་ཅིག་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་པར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་། ད་དུང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་ཡིན།

ཨན་ཝ་ཨར་གྱིས་ཤིས་ཚིག་ཁྲོད་བསྟན་དོན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ཐེངས་དང་པོའི་ཐོག་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཕྱི་ཕྱོགས་སུ་ཕྱོགས་གསུམ་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་ཤུགས་ཡོད་ཀྱི་འབོད་སྐུལ་བསྒྲགས། ཀྲུང་གོ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་དར་རྒྱས་གཏན་འཇགས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།