ས་དེའི་དུས་ཚོད་ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅི་ལུང་ཕོ་རུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་སྐབས་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་མཛད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དེ་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཝེ་ཐེ་ནམ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འཛམ་གླིང་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་སྲུང་སྐྱོབ་དང་། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། མཐོ་རིམ་འགྲོ་འོང་ཇེ་ཟབ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ཐོག་མ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།