སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནང་མཁོ་རྒྱ་སྐྱེད་གཏོང་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་གཉིས་གཅིག་གྱུར་འཆར་འགོད་ལེགས་པོ་བྱས་ཏེ། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་པ་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་རྣམ་པ་ཆགས་པར་བྱས་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ལེགས་པོ་ཡོང་བར་བྱེད་དགོས་པ་བསྟན་ཡོད། ད་ལྟ་རང་རྒྱལ་གྱི་མཁོ་སྤྲོད་མ་ལག་གི་གསར་གཏོད་ནུས་པ་དང་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་སོང་སྟེ། ཐོན་རྫས་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་རབས་གསར་པར་བརྗེ་ཚད་ཇེ་མགྱོགས་སུ་ཕྱིན་ནས། སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་བཞིན་ཡོད།
འཛམ་གླིང་ཡོངས་ཀྱི་འཁྱགས་སྒམ་ལས་རིགས་ཀྱི་མཁོ་བསྟུན་ཐོན་སྐྱེད་ལས་རིམ་ཆེ་ཤོས་འདིའི་སྟེང་དུ། སྐར་ཆ20ནང་རང་འགུལ་གྱིས་གནོན་བཙིར་འཕྲུལ་ཆས་ཤིག་སྒྲིག་སྦྱོར་བྱེད་ཐུབ་ལ། ཆབས་ཅིག་ཏུ་བཟོ་དབྱིབས་མི་འདྲ་བའི་འཁྱགས་སྒམ་ཉིས་བརྒྱ་ལྷག་སྒྲིག་སྦྱོར་བྱེད་ཆོག ད་ལྟ། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་སུ། སྒེར་འཚམས་སྒྲིག་བཟོ་དང་འབོར་ཆུང་མྱུར་སྒྲུབ་སོགས་ཀྱི་རྣམ་པ་སྤྱད་དེ་འཛད་སྤྱོད་པའི་སྒེར་འཚམས་ཅན་གྱི་དགོས་མཁོ་རྒྱུན་མི་ཆད་པར་བསྐངས། རྒྱལ་ཡོངས་ཀྱི་ཚོང་ཁྲོམ་དུ། ཆ་སྙོམས་ཉིན་རེར་གསར་དུ་བཙོང་རྒྱུར་བཞག་པའི་གྱོན་ཆས་དང་འཁེལ་འཐག་ཐོན་རྫས་སྣ་ཁ23000ལས་བརྒལ་བ་དང་། སྐར་ཆ་བཅུ་ལྷག་རེར་ཉེར་མཁོའི་ཐོན་རྫས་གསར་པ་རེ་གསར་དུ་ཐོན་ཡོད། ད་ལོའི་སྔོན་གྱི་ཟླ་བ་བཞིའི་ནང་། རང་རྒྱལ་དུ་གསར་དུ་ཐོན་པའི་འཛད་སྤྱོད་ཐོན་རྫས་སྣ་ཁ་ས་ཡ་བརྒྱད་ཁྲི་དགུ་ལས་བརྒལ་ཏེ། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི40.4%འཕར།
སྤུས་ཚད་མཐོ་བའི་འདོན་སྤྲོད་ལ་བརྟེན་ནས་ཉིན་བཞིན་རིམ་འཕར་བྱུང་བའི་རྒྱལ་ནང་ཁྲོམ་རའི་དགོས་མཁོ་བསྐོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་ད་ལྟའི་གནས་སྐབས་འདིའི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགལ་བ་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཐག་བཅད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འདོན་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བར་ཤུགས་སྣོན་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་སྒུལ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཉེ་བའི་ལོ་ཤས་རིང་། རྒྱལ་ནང་གི་དགོས་མཁོ་མི་འདང་བའི་གནད་དོན་འབུར་དུ་ཐོན་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་འཁོར་སྐྱོད་ཁྲོད་བྱུང་བའི་འགྱུར་ལྡོག་གསར་པ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་དེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས་ཞེས་དང་། འདོན་སྤྲོད་དང་དགོས་མཁོའི་ཕྱོགས་གཉིས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་འགུལ་རྣམ་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་བསྟན།
ཆིང་ཧྭ་སློབ་ཆེན་ཀྲུང་གོ་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ། ཏུང་ཡུས་ཀྱིས་བཤད་རྒྱུར།ལོ་འདི་དག་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀོད་སྒྲིག་ལྟར་བྱེད་ཐབས་རབ་དང་རིམ་པ་སྤེལ་ཏེ་ང་ཚོའི་འཛད་སྤྱོད་ཐོན་རྫས་ཀྱི་བཟོ་ལས་མགྱོགས་མྱུར་ངང་འཚར་ལོངས་བྱུང་བར་བྱས་པ་དང་། མང་ཚོགས་ཚང་མས་ཀྲུང་དབྱང་གིས་ནང་མཁོ་རྒྱ་སྐྱེད་བཏང་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་ཏུ་སྤེལ་བ་དེས་རང་ཉིད་ཀྱི་འཚོ་བར་བསྐྲུན་པའི་འགྱུར་ལྡོག་མཐོང་ཐུབ་པར་བྱས་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་ནུས་ལྡན་གྱི་འདེགས་སྐྱོར་ཐོབ།
ད་ལྟ་ཀྲུང་གོའི་འཛད་སྤྱོད་ཐོན་རྫས་ཀྱི་བཟོ་ལས་ཀྱིས་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་ཁྲོམ་རའི་དགོས་མཁོ་གཏན་འཁེལ་བྱས་ཏེ་ཐོན་རྫས་རབས་གསར་པར་བརྗེ་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད། དབྱར་དུས་འཛད་སྤྱོད་བྱེད་མང་བའི་དུས་ལ་སླེབས་ཉེ་བར་དམིགས་ཏེ། བདག་པོའི་དགོས་མཁོ་སྔོན་དཔག་བྱེད་ཐུབ་པའིAIཡི་གཉེར་བ་དང་། ཉོ་མཁན་མང་ནས་དགོས་མཁོ་སྐོང་མི་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བྲུབས་རྒྱུན་སྒྲིག་གཟུགས་རྩེད་ཆས་ལྟ་བུ། ད་རུང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྐྱེན་གྱིས་དར་ཆེ་བའི་ཐཱན་ཚི་སྣའི་གངས་ཤུད་པང་ལེབ་དང་རང་འགུལ་ངང་ཉེན་བརྡ་སྔོན་གཏོང་ཐུབ་པའི་རིག་ནུས་རྒན་རྒོན་ཁྱིམ་ཆས་སོགས་ཐེངས་དང་པོར་གསར་སྤེལ་བྱས་པའི་ཐོན་རྫས་གསར་པ་མང་པོ་ཐོན་ཡོད། ད་ལོའི་དབྱར་ཁར། འཛད་སྤྱོད་པ་མང་པོ་ཞིག་གིས་གྱོན་ཆས་ལ་རྔུལ་ཆུའི་རྗེས་ཤུལ་མེད་པར་བཟོ་རྒྱུ་ལྟ་བུའི་དགོས་མཁོ་གསར་པ་བཏོན་ཏེ། གྱོན་ཆས་བཟོ་གྲྭ་འདིའི་ནང་དུ། ལས་བཟོ་པ་རྣམས་ཀྱིས་བཟོ་རྩལ་ལེགས་བཅོས་བྱས་ནས་སྐྱེ་དངོས་ལག་རྩལ་སྤྱད་དེ་སྤྱིར་བཏང་གི་སྐམ་མགྱོགས་ལྭ་བ་ལ་ཡོད་པའི་དབུགས་རྒྱུ་དཀའ་བའི་དཀའ་གནད་དེ་སེལ་ནས་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར། འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་པ་དང་ཆབས་ཅིག་ཏུ། རང་རྒྱལ་གྱི་འདོན་སྤྲོད་མ་ལག་གི་གསར་གཏོད་ནུས་པ་དང་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།
འཛད་སྤྱོད་དངོས་རྫས་ཀྱི་སྣ་ཁ་བསྡོམས་འབོར་སྒོར་དུང་ཕྱུར2ལས་བརྒལ་ནས་འཛད་སྤྱོད་དངོས་རྫས་སྣ་ཁ་100ལྷག་གི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས། ད་ལོའི་དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་འཛད་རྫས་བཟོ་ལས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས5.2%འཕར་བ་དང་། འཛད་སྤྱོད་ཐོན་རྫས་ཀྱིས་བཟོ་ལས་ཁྲོད་ཟིན་པའི་བསྡུར་ཚད་བཞི་ཆའི་གཅིག་ལས་བརྒལ་བ་དང་། གསར་དར་འཛད་སྤྱོད་འཕེལ་རྒྱས་བྱུང་ཞིང་། འདོན་སྤྲོད་མ་ལག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རིམ་པ་རྗེས་མར། རྒྱལ་ཁབ་ཀྱིས་འཛད་སྤྱོད་དངོས་རྫས་བཟོ་ལས་ཀྱི་སྣ་ཁ་ཇེ་མང་དང་། སྤུས་ཀ་ཇེ་ལེགས། ཟོང་རྟགས་གསར་གཏོད་བཅས་“སྣ་གསུམ་”གྱི་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། འཛད་སྤྱོད་དངོས་རྫས་ཀྱི་ལས་རིགས་ཡོངས་ཀྱི་ཁྱབ་ཁོངས་ཡོངས་སུ་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། འཕེལ་རྒྱས་ཆེ་བའི་འཛད་སྤྱོད་འགྲན་ལམ་སྐོར་ཞིག་སྐྱེད་སྲིང་བྱས་ནས་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོས་འཛད་སྤྱོད་ཀྱི་དགོས་མཁོར་སྣེ་ཁྲིད་བྱ་རྒྱུ་ཡིན།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཛད་རྫས་སི་ཡི་སི་ཀྲང་ཧི་ཡ་ཆུང་གིས་བཤད་རྒྱུར། ཀྲུང་གོའི་འཛད་སྤྱོད་གྲགས་ཅན་ཕྱོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། “རྫོང་གཅིག་ལ་ཐབས་ཇུས་གཅིག”གིས་ཁྱད་ལྡན་འཛད་རྫས་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་ཁྲོམ་རའི་འཛད་སྤྱོད་མཐུན་སྦྱོར་མཉམ་སྤེལ་གྱི་འཁོར་རྒྱུག་བཟང་པོ་མགྱོགས་མྱུར་སྒོས་གྲུབ་པར་བྱེད་དགོས།
དུས་མཚུངས་སུ། “རྒན་པ་དང་ལོ་ཆུང”གི་ཞབས་ཞུ་འདོན་སྤྲོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་འདོན་སྤྲོད་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞབས་ཞུའི་འཛད་སྤྱོད་རྣམ་པ་གསར་གཏོད་དང་། ལས་རྣམ་མཉམ་འདྲེས། ཐོན་ལས་གཅིག་བསྡུས་སོགས་ལ་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་འདོན་སྤྲོད་གསར་པས་དགོས་མཁོ་གསར་པར་སྣེ་ཁྲིད་ནས་ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ།