
ཟླ5པའི་ཚེས27ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་སློབ་སྦྱོང་རྟོག་ཞིབ་བྱེད་དུ་སོང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཅི་ནན་དུ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིན་ཝུའུ་དང་། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲོའུ་ནའེ་ཞང་། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཡུས་ཡན་བཅས་དང་བཞུགས་མོལ་བྱས།
ལིན་ཝུའུ་ཡིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་ཧྲན་ཏུང་གི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས། ལིན་ཝུའུ་ཡིས་མིག་སྔར་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། “མདུན་དུ་བསྐྱོད་ནས་གདུང་འདེགས་ཀྱི་ནུས་པ་འདོན་རྒྱུར”དམིགས་ནས། འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ་དང་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་ལེགས་སུ་གཏོང་བ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཉེན་ཁ་འགོག་པ། དམངས་འཚོ་ལ་ཕན་འདོགས་པ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་འབད་པས་འབྲི་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གོམ་སྟབས་བརྟན་པོ་སྤོས་ཡོད་པ་དང་། དེའི་ཁྲོད་རིམ་གྱིས་བསགས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་གང་མང་ཞིག་ཧྲན་ཏུང་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། ང་ཚོས་མཚོ་སྔོན་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། རྨ་ཆུ་དང་འབྲེལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་དགོས་མཁོ་དང་ཧྲན་ཏུང་གི་ནུས་པར་རྐང་བཙུགས་ནས། ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ནན་མོ་བཏང་སྟེ། གྲོང་གསེབ་དར་སྤེལ་དང་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། ཧྲན་ཏུང་དང་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུས། ཝུའུ་ཞའོ་ཅུན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་གཞག་ཐད་དུ“མཐོ་ས”བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་དགོས་པའི་ཐུགས་བཀོད་གང་ལེགས་གནང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གོ་གནས་གལ་ཆེན་དུ་བརྩིས་ནས། དངོས་སུ་མ་དངུལ་བཏང་བ་དང་བརྩེ་སེམས་ཟོལ་མེད་སྒོས་རོགས་སྐྱོར་རོགས་རམ་བྱས་ཤིང་། བདེན་འཛིན་དངོས་གཉེར་སྒོས་ཁ་གཏད་རོགས་སྐྱོར་བྱས་ཏེ། ཐོན་ལས་མཉམ་ལས་དང་ཚན་རྩལ་གྱི་ཁ་གཏད་རོགས་སྐྱོར། དམངས་འཚོ་ལེགས་བཅོས། ལས་བྱེད་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད། ང་ཚོས་ཧྲན་ཏུང་གི“མདུན་དུ་བསྐྱོད་ནས་གདུང་འདེགས་ཀྱི་ནུས་པ་འདོན་པའི”ཆབ་སྲིད་ཀྱི་ཁག་ཁུར་ལ་སློབ་སྦྱོང་དང་། ཧྲན་ཏུང་གི་བཅོས་སྒྱུར་ཐད་སྒུལ་ཤུགས་ཡོད་པར་བྱས་པ་དང་གསར་གཏོད་ཐད་གསོན་ཤུགས་ཡོད་པར་བྱས་པའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ལ་སློབ་སྦྱོང་། ཧྲན་ཏུང་གི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཕྱོགས་བཟང་པོར་སློབ་སྦྱོང་བྱས་ཏེ། མཚོ་སྔོན་གྱི་ལས་དོན་སྔར་ལས་འབད་པས་བསྒྲུབ་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཕྱོགས་ནས། ཕྱོགས་གཉི་གས་སྤུས་གསར་ཐོན་སྐྱེད་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། དམངས་འཚོར་འགན་སྲུང་བྱེད་པ།“འབྲེལ་འདྲིས་གསུམ”ལ་སྐུལ་འདེད་གཏོང་བ། ལས་བྱེད་པ་གསོ་སྦྱོང་དང་འཇོན་མི་ནང་འདྲེན་བཅས་ཀྱི་ཐད་མཉམ་ལས་སྔར་ལས་ཆེན་པོ་བྱས་ཏེ། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་རྩོམ་པའི་རེ་ལྟོས་ཆེ་ཞེས་བསྟན།
ཧྲན་ཏུང་དུ་སྡོད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ཨའོ་ཁི་སི་ཞན་ཁྲུན་ས་བོན་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ལ་རྟོག་ཞིབ་བྱས་ནས། ཡུལ་དངོས་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས།
ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆང་དང་ཀྲང་ཧའེ་པོ། ཧྥན་པོ་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་ཚེ་རིང་ཐར། ཀྲུའུ་ཞང་ཧྥུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།