མཚོ་སྔོན་གྱི་རིག་གནས་མེ་ཏོག་ཧྲིན་ཀྲིན་རིག་གནས་འགྲེམས་ཚོགས་སྟེང་རྣམ་པར་བཞད།
2025.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས22ཉིན་ནས་ཟླ5པའི་ཚེས26ཉིན་བར་དུ། ཀྲུང་གོ་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་སྐབས་ཉེར་གཅིག་པ་ཧྲིན་ཀྲིན་དུ་འཚོགས།  ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་མཚོ་སྔོན་གྱི་བརྗོད་དོན་འགྲེམས་ཁང་དུ་ཕེབས་ནས་ལྟ་སྐོར་དང་མཛུབ་སྟོན་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་གྱིས་འགྲོ་རོགས་བྱས་ནས་ལྟ་སྐོར་བྱས། ལིས་ཧྲུའུ་ལའེ་ཡིས་མཚོ་སྔོན་གྱི་བརྗོད་དོན་འགྲེམས་ཁང་དུ། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་དངོས་གསར་གཏོད་ཐོན་རྫས་ལ་ལྟ་སྐོར་བྱས་ནས། མཚོ་སྔོན་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས།

མཚོ་སྔོན་གྱི་བརྗོད་དོན་འགྲེམས་ཁང་གིས“རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས། རྨ་ཙོང་རིག་གནས་ཀྱི་མཐོ་ས་བསྐྲུན་རྒྱུ”བརྗོད་སྙིང་དུ་བཟུང་ཡོད་ལ། “རྨ་ཆུའི་རིག་གནས་ཀྱི་འབྱུང་ཁུངས་སྙེག་པ”དང“རྨ་ཙོང་རིག་གནས་འཚོལ་ཞིབ་བྱེད་པ།”“ལོ་ངོ་སྟོང་གི་ཤུལ་བཞག་རིག་དངོས་རྒྱུན་འཛིན་བྱེད་པ།”“སྤུས་ལེགས་ཀྱི་ཟློས་གར་ལྟད་མོ་སྣ་ཚོགས།”“ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་སྩོལ་བ།”བཅས་ཀྱི་ཚན་པ་ཆེན་པོ་ལྔ་བརྒྱུད་དེ། མཚོ་སྔོན་གྱི་རྨ་ཙོང་རིག་གནས་སྲུང་སྐྱོབ་ཞིབ་འཇུག་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན། གསར་གཏོད་ཇུས་འགོད་སོགས་ཐད་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པར་མ་ཟད། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་གྲུབ་འབྲས་གསར་པའང་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་གསར་རྐྱང་ལ་བརྟེན་ནས་ཧྲིན་ཀྲིན་རིག་གནས་འགྲེམས་ཚོགས་སྟེང་བཀྲག་མདངས་ལམ་ལམ་གྱི་སྒོ་ནས་ཞུགས་ཏེ། འགྲེམས་སྟོན་ཁང་གི་འཆར་འགོད་དང་འགྲེམས་ཚོགས་ཀྱི་གཞི་ཁྱོན་སོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ནས། ལོ་རྒྱུས་སྟེང་འགྲེམས་ཁང་གི་གཞི་ཁྱོན་ཆེས་ཆེ་ཤོས་དང་འགྲེམས་ཚོགས་ལ་ཞུགས་པའིཁེ་ལས་ལས་དོན་ལས་ཁུངས་ཆེས་མང་བའི་སྒོ་ནས། ཉེ་བའི་ལོ་འདི་འགའི་རིང་གི་མཚོ་སྔོན་རིག་གནས་ཐོན་ལས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཉམས་ལེགས་པར་ངོམས། རིག་གནས་འགྲེམས་ཚོགས་ཀྱི་སྟེགས་བུ་དེ་བརྒྱུད་ནས་འཛམ་གླིང་ལ་མཚོ་སྔོན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་བསྟན་པར་མ་ཟད། མཚོ་སྔོན་རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དང་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་པར་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།