ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད།
2025.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད་དེ། 《དམག་དོན་ཚན་ཞིབ་ཀྱི་བྱ་དགའི་སྲོལ་ཡིག》ཁྱབ་བསྒྲགས་གནང་། 2025ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། དམག་དོན་ཚན་ཞིབ་ཀྱི་བྱ་དགའི་ལམ་ལུགས་བཅོས་སྒྱུར་བྱས་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། གནས་བབ་གསར་པའི་འོག་གི་དམག་དོན་ཚན་ཞིབ་ཀྱི་བྱ་དགའི་བྱ་བ་མ་ལག་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་ཡོད་པས། དེ་ནི་དམག་དོན་ཚན་རིག་ཞིབ་འཇུག་ལ་བྱ་དགའ་སྟེར་བའི་བྱ་བའི་གཞི་རྩའི་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཡིན།

སྲོལ་ཡིག་ལ་ཁྱོན་བསྡོམས་པས་ལེའུ8དང་དོན་ཚན42ཡོད། དམག་དོན་ཚན་ཞིབ་བྱ་བའི་གསར་གཏོད་དང་འཕེལ་རྒྱས། དམག་འཐབ་ལ་འཚམ་པ་དང་དམག་འཐབ་བྱེད་པའི་ཆེད་དུ་ཡིན་པའི་གནས་བབ་དང་ལས་འགན་གྱི་དགོས་མཁོ་དང་འཚམ་པོ་ཡིན་པ་དང་། འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་པོ་མངོན་གསལ་དུ་བཙུགས་ཏེ། དམག་དོན་གྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། གྲུབ་ཆའི་རིམ་པ་ཆགས་ཚུལ་ལུགས་དང་མཐུན་པ། གདེང་འཇོག་ཚད་གཞི་ཚན་རིག་དང་མཐུན་པ། རྒྱལ་ཁབ་དང་དམག་དཔུང་གི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པའི་དམག་དོན་ཚན་ཞིབ་ཀྱི་བྱ་དགའི་མ་ལག་བཙུགས་པ་དང་། འགན་འཁྲི་ཁ་གསལ་དང་འགྲོ་ལུགས་ཚགས་དམ་པའི་རྩ་འཛུགས་དོ་དམ་བྱེད་སྟངས་བཙུགས། བྱ་དགའ་དཔྱད་འཇོག་སྐབས་ཀྱི་འོས་སྦྱོར་དང་དཔྱད་ཞིབ། བྱ་དགའ་སྟེར་བ། བསམ་འཆར་མི་འདྲ་བ་ཐག་གཅོད་པ་སོགས་བརྒྱུད་རིམ་ཧྲིལ་བོའི་བྱ་བ་ཚད་ལྡན་དུ་བཏང་བ་དང་། སྤྱོད་སྟངས་ཀྱི་སྒྲིག་ཁྲིམས་དང་། འགན་འཁྲི་བདའ་འདེད་ཐག་གཅོད། གསང་སྲུང་དོ་དམ་སོགས་ཀྱི་འབྲེལ་ཡོད་བླང་བྱ་འཐུས་ཚང་དུ་བཏང་བ་མ་ཟད། འབྲེལ་ཡོད་ཀྱི་སྤྱོད་གོ་ཆོད་པའི་གནས་ཚུལ་ཁ་གསལ་བཟོས། སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་འདིས། དམག་དོན་ཚན་རིག་ཞིབ་འཇུག་ལ་བྱ་དགའ་སྟེར་བའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ལམ་ལུགས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཤིང་། དམག་དོན་ཚན་ཞིབ་གསར་གཏོད་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། དམག་དོན་རིགས་པའི་གཞུང་ལུགས་དང་རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་ཚན་རྩལ་འདོན་སྤྲོད་ལ་བརྟེན་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད།