གནམ་དཔྱད་གཉིས་པ་འཕེན་གཏོང་ལེགས་འགྲུབ་བྱུང་ནས་རང་རྒྱལ་གྱིས་རྒྱུ་སྐར་ཆུང་བའི་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་ཕྱིར་ལོག་འགྲུལ་བཞུད་འགོ་བརྩམས།
2025.05.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས29ཉིན། རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་རྒྱུ་སྐར་འཚོལ་ཞིབ་ཚད་ལེན་བཟོ་སྐྲུན་གྱི་གནམ་དཔྱད་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས། རང་རྒྱལ་གྱི་ཐེངས་དང་པོའི་རྒྱུ་སྐར་ཆུང་བའི་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་ཕྱིར་ལོག་གི་འགྲུལ་བཞུད་དངོས་སུ་འགོ་བརྩམས།

ཟླ5པའི་ཚེས29ཉིན་གྱི་ཐོ་རེངས་ཀྱི་དུས་ཚོད1དང་སྐར་མ31སྟེང་། རྒྱང་སྐྱོད་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་འཕུར་སྐྱོད་བྱེད་འགོ་བརྩམས་ནས། སྐར་མ18ཡས་མས་ལ་འཕུར་སྐྱོད་བྱས་རྗེས། གནམ་དཔྱད་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་སའི་གོ་ལ་ནས་རྒྱུ་སྐར་ཆུང་བ2016HO3བར་བརྒྱུད་འཁོར་ལམ་དུ་སྐྱེལ།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཚུའེ་ཞ་ཡིས་བཤད་རྒྱུར། ང་ཚོས་ཡུལ་དངོས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་ཐོས། གནམ་དཔྱད་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་ཉི་གཡོར་བདེ་བླག་ངང་ཕྱེས་ནས། རང་རྒྱལ་གྱི་ས་ཕྱིའི་སྐར་མའི་གོ་ལ་ཆུང་ངུའི་“སྐར་གཉིས་འཚོལ་ཞིབ”ལས་འགན་ཐོག་མ་སྤེལ་འགོ་བརྩམས་ཟེར།

གནམ་དཔྱད་གཉིས་པའི་ལས་འགན་གཙོ་བོའི་དམིགས་འབེན་ནི་རྒྱུ་སྐར་ཆུང་ངུ2016HO3ལ་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་བྱས་ནས་སའི་གོ་ལར་ཕྱིར་ལོག་རྒྱུ་དེ་རེད། སྔོན་དཔག་བྱས་ན2027ལོའི་ལོ་མཇུག་ཏུ་སའི་གོ་ལར་འབབ་ཐུབ་པ་མ་ཟད་ཚུར་བསྡུ་བྱ་བ་ལེགས་འགྲུབ་འབྱུང་ཐུབ། དེའི་རྗེས་སུ་སྐར་མ་དུ་བ་མཇུག་རིང311Pལ་ཚན་རིག་དང་མཐུན་པའི་འཚོལ་ཞིབ་ཚད་ལེན་བྱ་རྒྱུ་རེད།

རྒྱལ་ཁབ་མཁའ་སྐྱོད་ཅུའུ་ཟླ་དཔྱད་དང་མཁའ་སྐྱོད་བཟོ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧན་སི་ཡོན་གྱིས་བཤད་རྒྱུར། ཐེངས་འདིའི་འཕེན་གཏོང་ལས་འགན་ལག་བསྟར་དཀའ་ཚེགས་ཆེ་བ་དང་དུས་ཡུན་རིང་ལ། ཉེན་ཁ་ཆེ། ང་ཚོས་བསྡོམས་པས་ཚན་རིག་གི་ཐེག་གཞི11ཐེག་ཡོད་པས། ང་ཚོའི་འབྲེལ་ཡོད་སྐར་མའི་གོ་ལ་ཆུང་ངུའི་ཤེས་རྟོགས་ཀྱི་འབྱུང་ཁུངས་དང་རིམ་འགྱུར་ཐད་ནས་ཐོད་བརྒལ་དང་གསར་རྙེད་སྔར་ལས་མང་པོ་ཐོབ་པར་རེ་བ་བྱས་ཡོད་ཟེར།

2016HO3རྒྱུ་སྐར་ཆུང་བ་ནི་སའི་གོ་ལའི་ཚད་ལྡན་འཁོར་སྐར་ཁྲོད་ཀྱི་གཅིག་ཡིན་ལ། ཉི་མའི་ཁྱིམ་རྒྱུད་ཀྱི་གྲུབ་ཚུལ་དང་རིམ་འགྱུར་བྱུང་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་འགྱུར་རྡོ་གསོན་པོ་ཞིག་ཡིན། དུས་མཚུངས་སུ་དེ་ཉི་མ་དང་སའི་གོ་ལ་བསྐོར་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ལ། འཁོར་ལམ་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པ་དང་། འཚོལ་ཞིབ་འཕྲུལ་ཆས་ཀྱི་དཔེ་ལེན་དང་ཕྱིར་སའི་གོ་ལར་ལོག་པར་སྟབས་བདེ་ཡིན།  སྐར་མ་དུ་བ་མཇུག་རིང311Pནི་སྐར་མ་མིག་དམར་དང་ཕུར་སྐར་འཁོར་ལམ་བར་གྱི་རྒྱུ་སྐར་ཆུང་ཆུང་གི་འཁོར་སྐྱོད་ཁྲོད་འཁོར་སྐྱོད་བྱེད་པའི་སྐར་མའི་གོ་ལ་ཆུང་ངུ་ཞིག་ཡིན་ལ། དེར་འཚོལ་ཞིབ་བྱས་ན་སྐར་མའི་གོ་ལ་ཆུང་ངུའི་དངོས་པོའི་གྲུབ་ཚུལ་དང་སྒྲིག་གཞི། རིམ་འགྱུར་ནང་རྐྱེན་བཅས་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད།

ཀྲུང་གོའི་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ཀྱི་ཀྲང་རོན་ཧུང་གིས་བཤད་རྒྱུར། ངའི་བསམ་པར་ང་ཚོས་གནམ་དཔྱད་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་འདི་བཟོ་སྐྲུན་གལ་ཆེན་ཞིག་རེད་སྙམ། འདི་མཐུད་རྒྱུག་འགྲན་བསྡུར་ཞིག་དང་འདྲ། ད་ལྟ་ངའི་བྱ་བ་ལེགས་འགྲུབ་བྱུང་སོང་། འདིའི་རྗེས་ནས་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་ཕྱིར་ལོག་ཚང་མ་ལེགས་འགྲུབ་འབྱུང་བར་སྨོན་ཟེར།