ཟླ5པའི་ཚེས29ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་དོན་འཁྱོལ་བྱས་ལ། ལག་བསྟར་གྲོས་གཞིར་ཞིབ་འཇུག་དང་ལག་བསྟར་བྱས།
གྲོས་ཚོགས་ནས་བསྟན་དོན། ཟླ4པའི་ཚེས25ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། སྲིད་གྲོས་ཀྱི་འགན་འཁྲིའི་ནུས་པ་ལེགས་པར་བཏོན་ནས། རང་ཞིང་གི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡོང་བའི་རྣམ་པ་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་ཆེད་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རང་ཞིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱེད་པའི་ཐད་སྤུས་ཚད་མཐོ་བའི་གྲོས་གཞི་དང་བསམ་འཆར་སྔར་ལས་མང་པོ་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་ཐབས་རིག་ནུས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མི་ཐབས་རིག་ནུས་ཀྱིས་སྲིད་གྲོས་ཀྱི་འགན་སྒྲུབ་ཐད་ནུས་པ་འདོན་དུ་བཅུག་ནས། བློ་འདོན་ཇུས་འབུལ་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་ནུས་མཐོ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྲིད་གྲོས་འགན་སྒྲུབ་ཀྱི་དུས་སྐབས་བཟང་བོ་བཀོལ་སྤྱོད་བྱེད་པ། ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་གཙོ་གནད་གྲོས་མོལ་འཆར་གཞི་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྲིད་གྲོས་ཀྱི་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཐད་ཀྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བར་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཏང་སྲིད་ལས་ཁུངས་ཀྱི་བསྲི་ཚགས་ནན་མོ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། གཟབ་ནན་དང་ཚགས་དམ། དངོས་གཉེར་བྱེད་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། གྱོད་དཔེས་སློབ་སྦྱོང་ལ་སྐུལ་བ་དང་གྱོད་དཔེས་ཞིབ་བཤེར་ལ་སྐུལ་བ། དག་ཐེར་ལེགས་བཅོས་ནན་མོ་བྱེད་པར་ཤུགས་སྣོན་པ། དམིགས་བསལ་སྨྲ་བ་དང་ཁ་གསབ་ཀྱི་སེམས་པ་མཐའ་གཅིག་ཏུ་སེལ་ནས། སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གཙོ་བོར་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དེ་རྩ་བའི་གཞི་འཛིན་ས་རུ་བྱེད་པ། ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་སྔར་ལས་ཁོང་དུ་ཆུད་པར་བྱེད་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ཤུགས་སྣོན་དང་ལེགས་སྒྱུར་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ། བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྒྲུབ་པ་དང་བཟང་བོར་སྒྲུབ་པ། ཆེད་དུ་སྒྲུབ་ནས། སྲིད་ཞུགས་སྲིད་གླེང་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ནུས་པ་དང་གྲུབ་འབྲས་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་སྟེང་ལྔ་པའི་བ་བཞིའི་དུས་ཆེན་སྐབས་ཀྱི་སྲིད་གཙང་རང་གཅུན་དང་བདེ་འཇགས་སྲུང་སྐྱོབ། ལས་རིགས་ལས་སྲུང་སོགས་ཐད་ནས་རེ་བ་བཏོན།
རིན་ཆེན་རྣམ་རྒྱལ་དང་ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞེ་པོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།