མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲང་ཧེ་རུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས།
2025.05.30 ཁུངས། ཀློག་གྲངས། 0

ཟླ5པའི་ཚེས28ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲང་ཧེ་རུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། ཚེས28ཉིན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་དང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀུང་ཀྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སོགས་ལ་ཐུག་འཕྲད་བྱས།

ཁྲིན་ཅི་ཉིང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་གྱིས་དུས་ཡུན་རིང་པོར་ཧྲང་ཧེ་ཡི་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་སེམས་ཁུར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་ཏེ། ཕྱོགས་སོ་སོའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཡོད། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་མཁྲེགས་གཏོར་བརྒལ་གཏོར་གྱི་སྙིང་སྟོབས་ལ་ཧྲང་ཧེ་ཡི་བློ་མཐུན་ཚོས་ནན་ཏན་གྱིས་སློབ་སྦྱོང་བྱེད་འོས། མིག་སྔར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཀྱིལ་སྙིང་ལྔ་འཛུགས་སྐྲུན་གཏིང་ཟབ་བྱེད་པ། རེས་སྐོར་གསར་པའི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་གྲོང་ཁྱེར་གྱི་བཅོས་སྐྱོང་དེང་རབས་ཅན་ཁྲོད་འདྲེས་པར་བྱེད་བཞིན་ཡོད། ཧྲང་ཧེ་དང་མཚོ་སྔོན་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་ཅིང་། མཉམ་ལས་བརྗེ་རེས་གཏིང་ཟབ་ལ། ཁ་གཏད་རོགས་སྐྱོར་བྱ་ཡུལ་མགོ་ལོག་གིས་ཞིང་ཆེན་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་བཏང་ཡོད། ང་ཚོས་ས་གནས་ཀྱི་ལས་བྱེད་མང་ཚོགས་དང་མཉམ་དུ་བརྩེ་སེམས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་གྱི་བྱ་བ་སོ་སོ་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། སློབ་གསོ་སྨན་བཅོས་ཚོགས་པ་སྒྲིག་འཛུགས་ཀྱི་རྣམ་པས་རོགས་སྐྱོར་གཏིང་ཟབ་བྱེད་པ། ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རོགས་ཤུགས་འདོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྔར་ལས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ཡིན། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་པ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་དང་ཟུང་འབྲེལ་བྱེད་པ། མཉམ་ལས་སྦྲེལ་མཐུད་དང་དགེ་མཚན་གསབ་རེས་གཏིང་ཟབ་བྱས་ནས་ལྗང་མདོག་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སྟེང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པ། འཇོན་མི་གསོ་སྐྱོང་གསོ་སྦྱོང་དང་མི་སྣ་བརྗེ་རེས་འགྲོ་འོང་སྟེང་སྔར་ལས་མཉམ་འགུལ་བྱེད་པ་དང་། ལག་རྡང་སྦྲེལ་ནས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་སོགས་ཕྱོགས་ནས་མཉམ་ཤུགས་བཏོན་ཏེ། ས་གནས་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཐད་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་རྒྱུ་ཡིན། 

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ་ཧྲང་ཧེ་ཡིས་ཁ་གཏད་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་ལ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁ་གསལ་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་དེང་རབས་ཅན་འཛུགས་སྐྲུན་ཐད་འཆར་གཞི་གསར་པ་བཀོད་ཡོད། ན་ནིང་གི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གསུམ་པར་མཚོ་སྔོན་དུ་གཟིགས་ཞིབ་གནང་བ་དང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་གནང་ནས་ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་། ལོ་ངོ་བཅོ་ལྔའི་རིང་ལ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བརྩེ་སེམས་ཆེན་པོས་རོགས་སྐྱོར་བྱས་པ་དང་། དམངས་འཚོ་ལེགས་བཅོས་ནས་ཐོན་ལས་མཐུན་སྦྱོར་དང་། སྲ་ཆས་རིམ་སྤོར་ནས་འདུ་ཤེས་གསར་སྒྱུར་བྱས་ཏེ་མགོ་ལོག་གི་འཕེལ་རྒྱས་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་ཡོད། ཧྲང་ཧེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་འབྱེད་པའི་སྔོན་སྐྱོད་པ་ཡིན་པས། ང་ཚོས་ཧྲང་ཧེ་ཡི་སྐུལ་ཁྲིད་ནུས་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ཆབ་སྲིད་ཁག་ཁུར་དང་། བཅོས་སྒྱུར་གསར་སྐྲུན་དང་ཞུམ་མེད་སྔོན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས། ཚན་རྩལ་སྤོ་འགུལ་དང་གྲོང་ཁྱེར་བཅོས་སྐྱོང་གི་སྔོན་ཐོན་ཉམས་མྱོང་བཅས་ལ་སློབ་སྦྱོང་བྱས་ནས་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཐད་འཆར་གཞི་གསར་པ་ཡག་པོར་འགོད་དགོས། ཕྱོགས་གཉིས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འགྲོ་འོང་བརྗེ་རེས་མཉམ་འདྲེས། ལས་བྱེད་འཇོན་མི་གསོ་སྐྱོང་སོགས་ཕྱོགས་སུ་ཁྱབ་ཁོངས་སྔར་ལས་ཆེན་པོ་དང་རིམ་པ་སྔར་ལས་ཟབ་པའི་མཉམ་ལས་སྤེལ་ནས་མཐུན་སྦྱོར་མཉམ་རྒྱལ་གྱི་ལེའུ་གསར་པ་འབྲི་རྒྱུའི་རེ་བ་ཡོད།

ཧྲང་ཧེ་རུ་རྟོག་ཞིབ་བྱེད་པའི་སྐབས་སུ་མཚོ་སྔོན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཱོ་སུའུ་བར་སྟོང་ཞེས་པའི་གཞི་རྒྱ་ཆེ་བའི་གསར་སྐྲུན་སྐྱེ་ཁམས་གཞིས་ཁུལ་དང་ཞི་ཨན་མིན་ལྟེ་གནས་སུ་ལྟ་ཞིབ་བྱས་པ་དང་། མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་གསར་སྒྱུར་ལ་བརྟེན་ནས་རིག་གནས་ཡུལ་སྐོར་མཉམས་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཧྲང་ཧེ་གྲོང་ཁྱེར་གྱི་འགོ་ཁྲིད་ཧྭ་ཡོན་དང་ཀྲང་ཞའོ་ཧོང་། ཁྲིན་ཅེ། ཁྲིན་ཡུས་ཅན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།