ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ་བཞིའི་རིང་། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱིས་ལས་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་བདུན་དང་ཁྲག་ཁྲིག་གསུམ་ཐེར་ཆེན་ལྔར་སླེབས་ནས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི4.9འཕར། ཁེ་སྤོགས་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཅིག་ཐེར་འབུམ་དགུ་བྱེ་བ་དྲུག་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི3.8འཕར། ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ཡང་བའི་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།
འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པར་བརྟེན་ནས་ཁྱབ་རྒྱ་ཆེ་རུ་བཏང་བའི་ཕན་འབྲས་མངོན་གསལ་བྱུང་བ་དང་། ཡང་བའི་བཟོ་ལས་ཀྱི་འབྲེལ་ཡོད་ཐོན་ལས་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་། ཟླ་སྔོན་མ་བཞིའི་རིང་། འཛད་སྤྱོད་པ་བྱེ་བ་གསུམ་ས་ཡ་བཞི་ལས་བརྒལ་ལ་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རྙིང་ཚབ་གསར་བརྗེ་ཁྲོད་ཞུགས་པ་དང་། རིམ་རྩིས་ལྟར་ན་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས12བྱེ་བ་ལྔ་ས་ཡ་གཅིག་ལས་བརྒལ་བ་ཉོས་ཏེ། ཕྱིར་འཚོང་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་ཐེར་འབུམ་བཞི་དུང་ཕྱུར་ལྔ་སྐུལ་ཁྲིད་བྱས་ཡོད། ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི8.2འཕར་བ་དང་། ཁྱིམ་ཆས་རིགས་ཀྱི་ཚོང་ཟོག་སིལ་འཚོང་འབོར་གྲངས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི20.2འཕར་ནས་འཕར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་ཐིག་བཅུ་དྲུག་གྲངས་ཆུང་དྲུག་གི་ཇེ་མགྱོགས་སུ་ཕྱིན།
གཞན་ད་ལོའི་ཚུན་ལ། རང་རྒྱལ་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཕྱིར་གཏོང་གནས་བབ་སྔོན་དཔག་ལས་བཟང་བ་དང་། ཟླ་སྔོན་མ་བཞིའི་རིང་། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕྱིར་གཏོང་ཚད་ཨ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་དགུ་ཐེར་འབུམ་གསུམ་དུང་ཕྱུར་བཞི་བྱེ་བ་གསུམ་ལ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཐིག་གྲངས་ཆུང་བརྒྱད་འཕར་ཏེ། ཕྱིར་གཏོང་འཕར་ཚད་བསྟུད་མར་ཟླ་གཉིས་རིང་འཕར།