2025ལོའི་མཚོ་སྔོན་ཞིང་ཆེན་གྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་འགོ་བརྩམས།
2025.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས2025ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་བའི་མཛད་སྒོ་བསྡུས་པ་དང་། མཛད་སྒོ་གྲོལ་རྗེས་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས2025ལོའི་མཚོ་སྔོན་ཞིང་ཆེན་གྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དངོས་སུ་སྤེལ་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་ཁག་ཚང་མ་བརྒྱུད་སྒྲོག་དོན་འཁྱོལ་བྱས་ནས། ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧུང་ཡཱ་ཚོགས་འདུར་ཞུགས།

ད་ལོའི་ཟླ6པ་ནི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་ཐེངས24པ་ཡིན།“མི་ཚང་མས་བདེ་འཇགས་ལ་མཉམ་འཇོག་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་བྱེད་ཤེས་བྱས་ཏེ། མི་སོ་སོའི་ཉེ་འཁོར་གྱི་བདེ་འཇགས་འགལ་རྐྱེན་ངན་པ་འཚོལ་ཞིབ་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ནས། གཙོ་བོ་དོན་རྐྱེན་ཚབས་ཆེན་གྱི་འགལ་རྐྱེན་ངན་པ་ཐག་གཅོད་བྱེད་པའི་ཚད་གཞི་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་འབྱུང་བཞིན་པའི་རྒྱུན་མཐོང་གི་བདེ་འཇགས་སྐོར་གྱི་འགལ་རྐྱེན་ངན་པར་ཆེད་དུ་དམིགས་བཙུགས་ཏེ། འགལ་རྐྱེན་ངན་པར“ཞིབ་བཤེར་དང་དབྱེ་ཞིབ། འགོག་སེལ”སོགས “དུས་རྒྱུན་དུ་མི་སོ་སོའི་ཉེ་འཁོར་དུ་འབྱུང་བཞིན་པའི་བདེ་འཇགས་སྐོར་གྱི་འགལ་རྐྱེན་ངན་པ་འཚོལ་ཞིབ་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་གོམས་གཤིས་ཕྱོགས་ཡོངས་ནས་གསོ་སྐྱོང་དང་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་བ། བདེ་འཇགས་དང་འབྲེལ་བའི་འགལ་རྐྱེན་ཅི་རིགས་ལ་ཞིབ་བཤེར་དང་དེ་མཐའ་གཅིག་ཏུ་སེལ་བའི་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས།

བྱེད་སྒོ་དངོས་ཀྱི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་མི་རེ་རེའི་བསམ་པའི་གཏིང་རིམ་དུ་ཟུག་ཐུབ་པར་བྱས་ནས། ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ནན་མོ་བཏང་སྟེ། བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཁྱབ་པར་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་ནུས་པ་སྔར་ལས་སྲ་བརྟན་དུ་བཏང་།  “མི་རེ་རེའི་ཉེ་འཁོར་དུ་འབྱུང་བཞིན་པའི་བདེ་འཇགས་སྐོར་གྱི་འགལ་རྐྱེན་ངན་པ་འཚོལ་ཞིབ”བྱེད་པའི་ནང་དོན་གཙོ་བོ་དེར་དོ་སྣང་ཆེན་པོ་བྱས་ཏེ། སྨྱན་བྱད་ཀྱི་དྲིལ་སྒྲོག་བྱེད་ནུས་ལ་བརྟེན་ནས། སྤྱི་ཕན་བརྡ་ཁྱབ་དང་དངོས་བཤུས་གློག་བརྙན། བརྙན་ཐུང་སོགས་རྣམ་པ་སྣ་མང་གི་ལམ་ནས་བདེ་འཇགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་དཔེ་མཚོན་གྱོད་དཔེ་ལ་དབྱེ་ཞིབ་བྱས་ཏེ། བདེ་འཇགས་ཀྱི་འདུ་ཤེས་རིག་གནས་ཀྱི་གཞི་རྒྱུ་ནང་བཞིན་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོར་ཁྱབ་ཏུ་བཅུག

ཐེངས་འདིའི་འགོ་རྩོམ་མཛད་སྒོ་དེ་བརྙན་ལམ་ནས་སྤེལ་བ་དང་། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་བྱེད་སྒོ་སྤེལ་ཡུལ་གཙོ་བོར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་ཡན་ལག་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།