ཟླ5པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཱ་ཧྥུན་ཧྲིན་ཏང་ཁོངས་དང་གཞུང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པའི་ཆད་གཅོད་གཏན་འབེབས་བསྒྲགས། ཚོགས་ཞུགས་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཐག་གཅོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བསྟན།
གྲོས་ཚོགས་སྟེང་བལྟས་ན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཱ་ཧྥུན་ཧྲིན་ལ་ཏང་ཁོངས་དང་གཞུང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་གཅོད་གཏན་འབེབས་ལ་ཆོག་མཆན་གནང་བ་དེའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་རྒྱུའི་བློ་རྩ་བརྟན་པོ་མངོན་ཡོད་པར་མ་ཟད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏན་ནས་མཚམས་མི་འཇོག་པ་དང་གོམ་ཕྱེད་ཙམ་ཡང་ཕྱི་སྣུར་མི་རྒྱག་པ། རུལ་སུངས་སུ་གྱུར་པ་ཡིན་ན་ཚེ་གང་བོར་འགན་འཁྲི་རྩད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་བློ་སྟོབས་བརྟན་པོ་མངོན་པ་ལས་གཞན། མི་རིགས་ས་ཁུལ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་རུལ་སུངས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། སུས་ཀྱང་ཁྲིམས་འགལ་སྒྲིག་འགལ་བྱེད་མི་ཆོག་པའི་ཉེན་བརྡ་གསལ་ཐག་ཆོད་པ་བཏང་ཡོད་པ་མངོན་ཐུབ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱ་རྒྱུ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས་པར་འདོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ཏེ། “དམིགས་བསལ་སྨྲ་བ”དང“ཁ་གསབ་ཀྱི་སེམས་ཁམས”བློ་བརྟན་འགྱུར་མེད་སྒོས་མེད་པར་བཟོས་ཏེ། རུལ་སུངས་འབྱུང་སའི་ས་རྒྱུ་དང་ཆ་རྐྱེན་མཐའ་དག་འབད་བརྩོན་ཆེན་པོས་མེད་པར་བཟོས་ནས། སྒྲིག་འགལ་གྱི་སྒོ་ནས་བཟའ་བཏུང་ལ་རོལ་བ་དང་སྒྲིག་འགལ་གྱི་སྒོ་ནས་ལེགས་སྐྱེས་དང་དངུལ་སྟེར་ལེན་སོགས་ཀྱི་གནད་དོན་ལ་ཆེད་དུ་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་དང་མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་བློ་བརྟན་འགྱུར་མེད་སྒོས་གཏིང་ཟབ་ཏུ་གཏོང་དགོས།
གྲོས་ཚོགས་སྟེང་། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་བ་དང་གྱོད་དཔེར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་སྐུལ་བ། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མཱ་ཧྥུན་ཧྲིན་གྱི་གྱོད་དཔེ་དེ་གྱོད་དཔེར་བརྟེན་ནས་ཀུན་སྤྱོད་ཐད་ཀྱི་སློབ་གསོ་གཏོང་བ་དང་སྒྲིག་ལམ་ཐད་ཀྱི་སློབ་གསོ་གཏོང་བ། བཅའ་ཁྲིམས་ཐད་ཀྱི་སློབ་གསོ་གཏོང་བ། འགན་འཁྲིའི་ཐད་ཀྱི་སློབ་གསོ་གཏོང་བ་བཅས་ཀྱི་དཔེ་མཚོན་གྱོད་དཔེ་རུ་འགྱུར་བར་བྱས་ནས། ཉེ་འཁོར་གྱི་དོན་དག་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་སློབ་གསོ་གཏོང་རྒྱུ་དང་། མུ་མཐུད་དུ་ཟིལ་ཤུགས་ཆེ་རུ་བཏང་ནས། དུས་རྟག་པར་ཉེན་བརྡ་བར་མེད་དུ་གཏོང་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་རང་བདག་འགན་འཁྲི་དང་འགན་འཁུར་བ་གཙོ་བོའི་འགན་འཁྲི། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་གི་འགན་འཁྲི་གཉིས”དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་བཅས་ལ་སྔར་ལས་ཤུགས་བསྣན་ཏེ། ཏང་ཡོན་ལས་བྱེད་པར་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་དང་ཕྱོགས་ཡོངས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚད་གཞི་སྔར་ལས་ཆེ་བ་དང་བླང་བྱ་སྔར་ལས་ནན་མོ་སྤྱད་དེ། དཔུང་སྡེ་ཡི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་བྱེད་པ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གི་སྒོ་ནས་དབང་ཆ་སྤྱོད་པ་བཅས་ཀྱི་ཐད་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། རང་གཅུན་ནན་མོ་དང་འགན་འཁྲི་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་མོ་བཅས་བྱས་ནས། མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལ་བཟང་པོར་སྲུང་སྐྱོབ་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།