“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས75པ་སླེབས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་སུ་ཡོང་སྟེ་ན་ཆུང་བྱིས་པར་འཚམས་འདྲི་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས།
ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་སུ་སྙན་འཇེབས་གླུ་སྐད་མཆེད་ཅིང་། ལྡེམ་མྱུར་གར་གྱི་སྟངས་སྟབས་སྒྱུར་བཞིན་འདུག་ལ། བྱིས་པ་རྣམས་ཡིག་གཟུགས་དང་རི་མོ་འབྲི་བ་དང་། རོལ་ཆས་འཁྲབ་སྟོན། ཚན་རྩལ་ཁྱབ་གདལ་སློབ་གསོ་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་ལ་ཞུགས་ཏེ། རང་ཉིད་ལ་དབང་བའི་སྤྲོ་སྐྱིད་ཀྱི་དུས་ཆེན་རོལ་བཞིན་ཡོད་ལ། ཁོ་ཚོས་ཝུའུ་ཞའོ་ཅུན་གྱི་མདུན་ནས་རང་གི་བརྩམས་ཆོས་ངོམས། སྐེ་དཀྲིས་དམར་པོ་བཏགས་པའི་སློབ་ཕྲུག་དག་གི་མདུན་ནས། ཝུའུ་ཞའོ་ཅུན་གྱིས་གོམ་པ་སྤོ་མཚམས་བཞག་སྟེ་ཁོ་ཚོར་ད་ལོ་སློབ་རིམ་དུ་ཡིན། སློབ་སྦྱོང་གི་གནས་ཚུལ་ཅི་འདྲ་རེད། དགའ་ཕྱོགས་ཅི་ཞིག་ཡོད་ཅེས་དྲིས་པ་དང་། བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་སེམས་ཁུར་བྱས། བེད་མེད་ཤོག་བུ་ཚུར་བསྡུ་བེད་སྤྱོད་ཉམས་ལེན་ཁུལ་དུ་ཡོང་ནས། ཝུའུ་ཞའོ་ཅུན་མར་བཙོག་སྟེ་གྲོགས་པོ་ཆུང་ཆུང་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་། ཤོག་བུ་ཚུར་བསྡུ་བྱེད་པའི་ཞིབ་ཕྲའི་བརྒྱུད་རིམ་དྲིས་ཤིང་། ཁོ་ཚོར་བརྩོན་བསྲི་གྲོན་ཆུང་གི་གོམས་གཤིས་བཟང་པོ་ཆགས་ཡོད་པར་བསྟོད་བསྔགས་བྱས་པ་མ་ཟད། སྤུ་སྨྱུག་སྤྱད་དེ་བྱིས་པ་ཚོས་ལས་པའི་བརྩམས་ཆོས་སྟེང“སློབ་སྦྱོང་ཡག་པོ་བྱེད་དགོས”ཞེས་བྲིས།
བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་བ་མཐོང་སྐབས། ཝུའུ་ཞའོ་ཅུན་ཧ་ཅང་དགའ་པོ་བྱུང་བ་མ་ཟད། དཔེ་དེབ་ལེགས་སྐྱེས་སུ་བྱིན་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས། ཁོས་གྲོགས་པོ་ཆུང་ཆུང་ཚོར་བཤད་རྒྱུར། ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་ཡིན་པས། མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བཅངས་ནས། ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ཆེན་པོ་བྱེད་པ་དང་། ཧུར་ཐག་གིས་ཚན་རིག་དང་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། དགེ་རྒན་དང་སློབ་གྲོགས། ཁྱིམ་ཚང་། ལག་ལེན་དང་ངལ་རྩོལ་བཅས་ལ་སློབ་སྦྱོང་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དགོས།
ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་དང་འབྲལ་སྐབས་ཝུའུ་ཞའོ་ཅུན་གྱིས་ཉེ་འགྲམ་གྱི་དགེ་རྒན་དང་ལས་བྱེད་མི་སྣར། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། ན་ཆུང་བྱིས་པར་སྔར་ལས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། གཅེས་སེམས་ཡོད་པ་དང་བཟོད་སེམས་ལྡན་པ། ཞིབ་ཚགས་བཅས་ཀྱི་ཐོག་ནས་བྱིས་པ་རྣམས་སྐྱེད་སྲིང་བྱས་ཏེ། ཆུང་དུས་ནས་ཁོ་ཚོ་ཕ་ཡུལ་ལ་དགའ་བའི་བརྩེ་སེམས་ཟབ་མོ་བསྐྱེད་དགོས་པའི་མངགས་བཅོལ་གནང་།
ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན་འཚམས་འདྲིར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།