དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཟླ5པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཟི་ལིང་གྲོང་ཁྱེར་རྣམ་རྒྱལ་ལམ་སློབ་ཆུང་དུ་སོང་ནས། ན་ཆུང་བྱིས་པ་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས་པ་མ་ཟད། ཚང་མ་དང་མཉམ་དུ་དྲུག་གཅིག་དུས་ཆེན་རོལ་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། རྒྱ་ཆེའི་དགེ་རྒན་དང་བྱིས་པའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས།
ལུའོ་ཏུང་ཁྲོན་སྔ་རྗེས་སུ་སློབ་གྲྭའི“ལམ་གཉིས”སྙིང་སྟོབས་རིག་གནས་འགྲེམས་སྟོན་ཁང་དང་། གླུ་གཞས་མཉམ་ལེན་ཚོགས་པ། འགུལ་རིས་ཁང་། མཛེས་རྩལ་ཁང་བཅས་སུ་ཡོང་ནས། སྐེ་དཀྲིས་དམར་པོའི་འགྲེལ་བཤད་པས་མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ངོ་སྤྲོད་བྱས་པར་སྤྲོ་སྣང་ཆེན་པོས་ཉན་པ་དང་། སློབ་མའི་སྤྱི་ཚོགས་ཚོགས་པའི་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། བྱིས་པ་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་བྱས། ཁོས་བཤད་རྒྱུར། “ལམ་གཉིས”ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱེད་པ་དང་། ལམ་སྐྲུན་གྱི་གཏམ་རྒྱུད་ཡག་པོ་བཤད་དགོས་ལ། ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་བླ་ན་མེད་པའི་བརྩེ་སེམས་བསྐྱེད་དེ། མེས་རྒྱལ་འཛུགས་སྐྲུན་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རྒྱང་རིང་བའི་ཕུགས་བསམ་འཛུགས་དགོས། སྤྱོད་བཟང་ཉམས་སུ་ལེན་པ་དང་སློབ་སྦྱོང་ལ་འབད་པ་བྱེད་པ། དགའ་ཕྱོགས་གསོ་སྐྱོང་། སེམས་ཁམས་གསོ་སྐྱོང་། ལུས་ཁམས་སྟོབས་ལྡན་བཅས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་དགོས།
“ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་དང་། གསར་བརྗེའི་སྔོན་རབས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་འཛིན་མཁན་ཡིན”ཞེས་པའི་གླུ་སྒྲའི་ཁྲོད། ལུའོ་ཏུང་ཁྲོན་ན་ཆུང་གདོང་ལེན་རུ་ཁག་གི་བྱ་འགུལ་ཁང་དུ་ཡོང་ནས་ན་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་མཛད་སྒོར་ཞུགས་པ་དང་། གསར་དུ་ན་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པའི་རུ་མི་རྣམས་ལ་སྐེ་དཀྲིས་དམར་པོ་བཏགས་པ་དང་། ཁོ་ཚོ་གཟི་བརྗིད་ལྡན་པའི་ན་ཆུང་གདོང་ལེན་རུ་མིར་གྱུར་པར་རྟེན་འབྲེལ་ཞུས། ཁོས་ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་ཡིན་པས། ཁྱོད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་བློ་ལ་བརྟན་པོར་ངེས་པར་བྱས་ནས། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སློབ་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། ཁོས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བར་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གསོ་སྐྱོང་ལ་མཐོང་ཆེན་དང་སེམས་ཁུར་ཆེན་པོས་བདག་སྐྱོང་བཟང་པོ་བྱས་ཏེ། ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་པོ་དང་ཆ་རྐྱེན་གསར་གཏོད་བྱེད་དགོས་པའི་མངགས་བཅོལ་གནང་།
ཤ་བོ་རིན་མཚོས་བསྒྱུར།