མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་དང་ཅི་ནན་དུ་བསྡུས།
2025.06.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཧྲང་ཧའེ་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་རུ་སོ་སོར་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ།  ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་ལ་བརྟེན་ནས། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་ཀྱིས་ཞིང་ཕྱུགས་ལས་སོགས་ཐོན་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་བསྐྱེད་ལ།    འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་མཉམ་བསུ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཧྲང་ཧའེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་དང་ཕྱིའི་དངུལ་གཏོང་ཁེ་ལས་གཙོ་བོ90ལྷག་དང་།  ཧྲན་ཏུང་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཁྱབ་ཁོངས་ཀྱི་ཁེ་ལས་བརྒྱ་དང་བཅུ་ལྷག་གི་འཐུས་མི། མཚོ་སྔོན་གྱི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་ཚོགས་འདུར་ཞུགས།  ཁེ་ལས་དང་ལས་རིགས་མཐུན་ཚོགས་ཀྱི་འཐུས་མི11གིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བའི་ཧྲང་ཧའེ་དང་ཧྲན་ཏུང་གི་ལས་རིགས་སོ་སོའི་གྲོགས་པོ་དང་ཁེ་ལས་པར་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་གནང་ནས། ཧྲང་ཧའེ་དང་ཧྲན་ཏུང་སོགས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་བྱ་བ་དེ་རང་གི་དོན་དག་ཏུ་བརྩིས་ཏེ། ནུས་ཤུགས་ཆེན་པོ་དང་བྱེད་ཐབས་དངོས་ལས་མཚོ་སྔོན་དང་འགན་འཁྲི་མཉམ་དུ་འཁུར་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད།     རི་ཆུའི་འབྱུང་ཁུངས་གཅིག་ཏུ་འབྲེལ་ཞིང་ས་གནས་ཕན་ཚུན་གྱིས་ལག་གདང་མཉམ་དུ་སྦྲེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ལས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པ་དང་། ཧྲང་ཧའེ་དང་མཚོ་སྔོན་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་དཔལ་འབྱོར་འབྲེལ་ཐག་དང་རིག་གནས་འབྲེལ་བ་སྔར་ལས་བརྟན་པོར་གྱུར་ཡོད།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ད་ལྟའི་མཚོ་སྔོན་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཤིང་།    སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཡོད་པའི་མཛེས་སྡུག་གི་ས་ས་འདིས་ཁེ་ལས་ཀྱིས་ཕུགས་འདུན་གཉེར་བ་དང་བྱ་གཞག་གསར་གཏོད་བྱ་རྒྱུར་གཤིན་ས་འདོན་སྤྲོད་བྱས་ཡོད། ཁེ་ལས་པ་ཚང་མ་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་དུ་མང་དངུལ་གཏོང་བ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་པ་ཡིན། ང་ཚོས་མཚོ་སྔོན་གྱི་ཆ་རྐྱེན་དང་མཚོ་སྔོན་གྱི་ལེགས་ཆར་གཞི་བཙུགས་ནས། སྒོ་འབྱེད་མཉམ་ལས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས་གོ་སྐབས་དམ་འཛིན་དང་རང་འགུལ་འབད་བརྩོན་བྱས་ཏེ། ཧྲང་ཧའེ་དང་ཧྲན་ཏུང་སོགས་ས་ཆའི་ཕྱོགས་སོ་སོ་དང་ཁེ་ལས་སོ་སོའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།    ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་བསྐྱེད་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་སྔར་ལས་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡིན།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ཧྲང་ཧའེ་དང་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་དང་བརྗེ་རེས་མཉམ་ལས་ཀྱི་ལག་ལེན་གྲུབ་འབྲས་ལས་ཤར་ནུབ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་ར་སྤྲོད་གང་ལེགས་བྱས་ཡོད།  ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་མཚོ་སྔོན་གྱིས་ཁེ་ལས་པ་ཚང་མར་སྤྲད་པའི“ལྗང་མདོག་གི་མིང་བྱང”ཞིག་ཡིན་ལ།    ཧྲང་ཧའེ་དང་མཚོ་སྔོན། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འགོ་རྩོམ་ས་གསར་བ་ཞིག་ཀྱང་ཡིན། མདོ་དབུས་མཐོ་སྒང་གི་དག་གཙང་གི་གངས་རིས་ཧོང་ཕུའུ་གཙང་བོ་ལ་མཛེས་སྡུག་གི་ཕྲ་རྒྱན་བཏགས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་བང་མཛད་དེ་ཧྲན་ཏུང་གི་ཐོན་ལས་སྣེ་ཁྲིད་ལ་འཕྲད་པ་ནི། ཐོན་ཁུངས་དང་ཁྲོམ་རའི་མཉམ་འཕེལ་ཅིག་ཡིན་ལ་། སྐྱེ་ཁམས་དང་གསར་སྐྲུན་གྱི་ལྷན་འཛོམས་ཤིག་ཡིན་པ་མ་ཟད། དེང་སྐབས་དང་རྗེས་ཕྱོགས་ཀྱི་མཉམ་རྒྱལ་ཅིག་ཡིན་ངེས། ད་ལྟའི་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་དང་།    ཁྲིམས་སྐྱོང་ཅན།    རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས་སྒོ་འབྱེད་ཀྱི་བསམ་པས་འཛམ་གླིང་ལ་སྒོ་མོ་ཕྱེས་པ་དང་། འབད་བརྩོན་གྱི་རྣམ་འགྱུར་ལས་མ་འོངས་པར་འཆར་འགོད་བྱེད་བཞིན་ཡོད། ང་ཚོས་ཁེ་ལས་པ་རྣམས་མཚོ་སྔོན་དུ་ཕེབས་ནས་་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པར་ཞུགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་དང་ཐོན་ཁུངས་ཕྱུག་པོ།  སྲིད་ཇུས་ལེགས་པོ། ཞབས་ཞུའི་ལྷག་བསམ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། རིམ་པ་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་ཆེ་བ།    སྤུས་ཚད་སྔར་ལས་མཐོ་བའི་བརྗེ་རེས་མཉམ་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་རྒྱུར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་པ་ཡིན།

ཚེ་རིང་ཐར་གྱིས་ཚོང་འགུག་དངུལ་འདྲེན་སྐོར་ནས་ངོ་སྤྲོད་བྱས་པ་དང་། ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥིན་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།