ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག
2025.06.01 ཁུངས། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག

སྙིང་ཉེ་བའི་གྲོགས་པོ་ཆུང་ཆུང་ཚོ།

དེ་རིང་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས75པ་ཡིན། རེ་བས་ཁེངས་པའི་ཉིན་མོ་འདིར་ཁྱོད་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུ།

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ན་གཞོན་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར་ནས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐུགས་ཁུར་ཆེན་པོ་གནང་བ་དང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་བྱིས་པའི་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ཚང་མ“རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ”བྱ་དགོས་པའི་སྐུལ་ལྕག་གནང་ཡོད།

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མི་རིགས་ཀྱི་རེ་བ། རྒྱལ་ཁབ་ཀྱི་འབྱུང་འགྱུར་བཅས་ཡིན། ཁྱོད་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཕུགས་འདུན་ཆེ་བ་དང་སློབ་ལ་བརྩོན་པ། ལུས་སྟོབས་ཆེ་བ་བཅས་ཀྱི་ན་གཞོན་བཟང་པོ་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱ་དགོས། ཆུང་དུས་ནས་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། གུས་ལུགས་དང་ཡིད་རྟོན་ལྡན་པ། གཞན་ཕན་ལ་དགའ་བ་བཅས་བྱས་ཏེ། མི་ཚེའི་གོམ་པ་དང་པོ་བཟང་པོར་སྤོས་ནས་མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་དུ་འགྱུར་བར་བྱ་དགོས། ཆུང་དུས་ནས་དུས་ཚོད་དམ་འཛིན་དང་། སློབ་སྦྱོང་ཡག་པོ་བྱེད་པ། ཉིན་རེ་བཞིན་ཡར་ཐོན་ཡོང་བ། བསམ་བློ་གཏོང་མཁས་པ་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཤེས་བྱའི་སྒྲོན་མེར་བརྟེན་ནས་མ་འོངས་པའི་མི་ཚེའི་བགྲོད་ལམ་གསལ་བར་བྱ་དགོས། ཆུང་དུས་ནས་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། ལུས་རྩལ་བྱེད་སྒོར་ཧུར་ཐག་གིས་ཞུགས་ཏེ། སྡོང་ཕྲུག་ཆུང་ཆུང་དང་འདྲ་བར་ཆར་རླུང་བརྒྱུད་ནས་སེམས་སུ་ཁྱིམ་ཚང་དང་རྒྱལ་ཁབ་ཡོད་པ་དང་། མིག་ལ་བདེན་དོན་གྱི་འོད་སྣང་འཚེར་བ། རྐང་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ལྡན་པ་བཅས་ཀྱི་ཕུགས་འདུན་དོན་གཉེར་གྱི་ན་གཞོན་དུ་འགྱུར་བར་བྱ་དགོས།

ཤེས་ལྡན་མི་སྣ་སྐྱོང་བར་ལོ་མང་པོ་དགོས་པས། སྤྱི་ཚོགས་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ནས་བརྩེ་སེམས་ཆེན་པོས་ལོ་ཆུང་བྱིས་པར་གཅེས་སྐྱོང་བྱས་ཏེ་བྱིས་པ་ཚོ་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས།

2025ལོའི་ཟླ6ཚེས1ཉིན།


ཤ་བོ་གསེར་མཚོས་བསྒྱུར།