ཀྲུང་དབྱང་རིམ་པ་ནས་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་ཟ་འཐུང་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་གཉིས་ཁྱབ་བསྒྲགས་བྱས།
2025.06.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཀྲུང་དབྱང་རིམ་པ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་ཚན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་གཉིས་ཁྱབ་བསྒྲགས་བྱས།

དཔེ་མཚོན་གྱི་གནད་དོན་དེ་གཉིས་སོ་སོ་ནི། ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཧོང་མེ་རྫོང་གི་འབྲེལ་ཡོད་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་དང་། ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་སུའུ་སུང་རྫོང་ཆན་ལིང་ཡུལ་ཚོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་སོགས་ཀྱིས་སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་རེད།

ཁྱབ་བསྒྲགས་ལས་བསྟན་དོན། སྒྲིག་འགལ་བཟའ་བཏུང་གི་གནད་དོན་འདི་གཉིས་ཀ་སློབ་སྦྱོང་སློབ་གསོའི་སྐབས་སུ་བྱུང་བ་ཡིན་ལ། དཔེ་མཚོན་རང་བཞིན་གྱི་སྒྲིག་ཁྲིམས་སྣང་མེད་དུ་བཞག་པ་དང་སྒྲིག་ཁྲིམས་ནན་མོར་གདོང་གཏད་ནས་སྒྲིག་འགལ་བྱས་པ་ཡིན་པས། ངོ་བོ་ཧ་ཅང་ཚབས་ཆེན་ཡིན་ཞིང་ཤུགས་རྐྱེན་ཧ་ཅང་ངན། བསླབ་བྱ་ཡང་ཧ་ཅང་ཟབ་མོ་རེད། ཏང་ཡོན་ལས་བྱེད་པ་འདི་དག་གིས་ཕྱོགས་གཅིག་ནས་སློབ་སྦྱོང་སློབ་གསོར་ཞུགས་ཤིང་། ཕྱོགས་གཞན་ཞིག་ནས་སྣེ་ཁྲིད་དེ་སྒྲིག་འགལ་ངང་བཟའ་བཏུང་རྩ་འཛུགས་བྱེད་པ་དང་དེའི་ནང་དུ་ཞུགས། ཐ་ན་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་སྒྲིག་འགལ་ངང་ཟ་འཐུང་བྱས་ཡོད་པས། ཏང་ཡོན་ལས་བྱེད་པ་འདི་དག་གི་བསམ་བློའི་ཐད་ཧ་ཅང་མཐོང་ཆེན་མི་བྱེད་ཅིང་ཆབ་སྲིད་ཐད་རིག་པ་ཧ་ཅང་གསལ་པོ་མིན་ལ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཧ་ཅང་ཞན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བསྐྱུར་ནས་དོགས་ཟོན་དང་དངངས་སྐྲག་གི་བསམ་པ་སྤུ་ཙམ་ཡང་མེད་པར་ཏང་ཀྲུང་དབྱང་གིས་སློབ་སྦྱོང་སློབ་གསོ་སྤེལ་བར་མངོན་བརྩི་ལྐོག་འགལ་གྱིས་རང་སྣང་གང་ཤར་བྱེད་པ་མངོན་ཡོད།  དེ་ལས་ས་གནས་དང་ལས་ཁུངས་ཁ་ཤས་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་མི་འདང་བ་མཚོན་ལ།  གཟབ་ནན་གྱི་རྣམ་པ་ད་དུང་དངོས་སུ་ཆགས་མེད་པས། ངེས་པར་དུ་རྡུང་རྡེག་ནན་མོ་གཏོང་དགོས།

ཁྱབ་བསྒྲགས་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “སྤྱོད་ངན་བཞིའི”གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པ་ངེས་ཟིན་དང་། སྒྲིག་འགལ་ངང་བཟའ་བཏུང་བྱེད་པའི་ཆབ་སྲིད་ཀྱི་ཉེན་ཁ་ཚབས་ཆེན་ལ་ངེས་ཟིན་ཟབ་མོ་བྱེད་དགོས། སྒྲིག་འགལ་གྱིས་བཟའ་བཏུང་བྱེད་རིགས་གཅིག་སྡུད་ཀྱིས་བཅོས་སྐྱོང་བྱས་ཏེ། ལས་འགུལ་ངོ་མ་སྤེལ་བ་དང་། སྤེལ་བཞིན་པ་དམ་འཛིན། དཔེ་མཚོན་ཅན་དམ་འཛིན། བརྡ་ཁྱབ་དམ་འཛིན་བཅས་བྱས་ཏེ་སྤྱོད་སྟངས་སྒྲིག་འགལ་གྱི་མི་དང་བྱ་བར་སྒྲིག་སྲོལ་ལྟར་ཞིབ་བཤེར་ནན་མོས་མགྱོགས་མྱུར་ངང་སྒྲུབ་སྟེ། ཟིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས། སྒྲིག་འགལ་ཟ་འཐུང་གི་གནད་དོན་གྱི་ངོ་བོ་དང་། མཚོན་ཚུལ། ཉེན་ཁ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པར་རྨོངས་གཉིད་ལས་སད་པ་དང་། གུས་ཤིང་སྐྲག་པ། ཚད་མཐའི་མཚམས་ཐིག་སྲུང་བ་བཅས་བྱེད་དུ་འཇུག་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“གཙོ་འགན་འཁུར་མཁན”གྱིས་མཐའ་གཅིག་ཏུ་སྒྲིག་འགལ་ཟ་འཐུང་བཀག་འགོག་བྱེད་པ་དང་། སློབ་སྟོན་ཚན་ཆུང་དང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས“སྐུལ་ལྕག”ནུས་པ་འདོན་སྤེལ་བྱས་ཏེ། གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།