ཟླ5པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་དཔེ་སྐྲུན་སྨྱན་བྱད་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མཛེས་རྩལ་ཁང་། ཞིང་ཆེན་རྟེན་མཛོད་ཁང་བཅས་སུ་དྲིལ་སྒྲོག་རིག་གནས་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་འགོད་པར་དམིགས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་དང་མི་རིགས་རིག་གནས། དམར་པོའི་རིག་གནས་བཅས་ཀྱི་དགེ་མཚན་ལེགས་པར་མཚོན་པ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། རིག་རྩལ་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ཏེ། དྲིལ་སྒྲོག་རིག་གནས་ཐད་འཆར་འགོད་གང་ལེགས་བྱས་ནས། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་ཕྲག་ཏུ་ལེན་དགོས།
མཚོ་སྔོན་དཔེ་སྐྲུན་སྨྱན་བྱད་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནི་རང་ཞིང་གིས་སྒོ་བྱང་བཀལ་ནས་བཙུགས་པའི་རྒྱལ་དབང་རིག་གནས་ཁེ་ལས་ཤིག་ཡིན། ཝུའུ་ཞའོ་ཅུན་གྱིས་སྡེ་ཚོགས་བཙུགས་པའི་ཚུན་གྱི་བྱ་བའི་འཕེལ་རིམ་ལ་ཞིབ་མོར་ཉན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཞིབ་འཇུག་སོགས་ལ་རྒྱུས་ལོན་ཟབ་མོ་བྱས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། རིག་གནས་ཁྲོམ་རའི་འཕེལ་ཕྱོགས་ལ་བསྟུན་པ་དང་། དཔེ་སྐྲུན་སྨྱན་བྱད་ཁྱབ་ཁོངས་ཀྱི་འཐབ་ཇུས་འདེགས་སྐྱོར་བྱེད་ནུས་སོགས་ལ་ཤུགས་སྣོན་པའི་ཐད་ནུས་པ་བཏོན་ནས། གཞི་གྲངས་ཅན་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། དྲིལ་སྒྲོག་ནུས་པ་དང་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་འཁྲབ་སྟོན་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་མཛེས་རྩལ་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཟློས་གར་འཁྲབ་སྦྱོང་དང་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཁོངས་མིས་གསར་རྩོམ་བྱས་པའི་རི་མོར་བལྟས་པར་མ་ཟད། གསོག་ཉར་བྱས་པའི་བརྩམས་ཆོས་དག་ལ་བལྟས། ཝུའུ་ཞའོ་ཅུན་གྱིས་ཚང་མས་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ། དུས་རབས་ཀྱི་སྙིང་སྟོབས་མངོན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྒྱུ་རྩལ་བརྩམས་ཆོས་སྔར་ལས་མང་པོ་བསྐྲུན་ནས། མཚོ་སྔོན་གྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་པའི་སྐུལ་མ་བཏང་།
ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཞིང་ཆེན་རྟེན་མཛོད་ཁང་དང་ནུབ་མཚོའི2261རྨ་ཙོང་རིག་གནས་གཅིག་འདུས་ཁུལ་དུ་སོང་ནས། རིག་དངོས་སླར་གསོ་དང་། ཁྱད་ལྡན་རིག་དངོས་ཐོན་རྫས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་རྨ་ཙོང་རིག་གནས་དང་ཁུ་ནུའི་རིག་གནས། དར་གོས་ཚོང་ལམ་ལས་མཚོ་སྔོན་ལམ་རྒྱད་ཀྱི་ལོ་རྒྱུས་རིག་གནས་རིན་ཐང་བཅས་སྔོག་འདོན་གང་ལེགས་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་རྒྱུན་འཛིན་དང་ནུས་འཕར་བེད་སྤྱོད་ལ་ཤུགས་བསྣན་ནས། འཆར་འགོད་འགྲེམ་སྟོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མང་ཚོགས་ཟབ་ཞུགས་བྱེད་ཚད་དང་ཉམས་ལེན་བྱེད་ཚད་མཐོར་འདེགས་གཏོང་བ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྟེན་གཞི་གཙོ་བོ་དང་། མཚོ་སྔོན་གྱི་སྣང་བརྙན་མཚོན་པའི་སྒེའུ་ཁུང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་དྲོད་སྐྱིད་གཞིས་ཁྱིམ་བཅས་བསྐྲུན་ནས། ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་བཟང་པོར་བཤད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཝང་ཏ་ནན་དང་ཀྲུའུ་ཞཱང་ཧྥིན། ཁྲིན་ཅི་ཝེ་བཅས་རྟོག་ཞིབ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།