སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་སྡུག་བསྐྲུན།
2025.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་ལངས་གནས་སྔར་ལས་མཐོ་བ་དང་མཐོང་རྒྱ་སྔར་ལས་ཡངས་པ། ཤུགས་ཚད་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་སྐྱོད་ལམ་གསར་པའི་སྟེང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར་དུ། ས་གནས་སོ་སོས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས།

ལྔ་པའི་བ་བཞིའི་གུང་གསེང་གི་སྐབས་སུ། ས་གནས་སོ་སོའི་འབྲུག་གྲུའི་འགྲན་སྡུར་ལ་འདུ་འཛི་ཤིན་ཏུ་ཆེ། ཧྥུའུ་ཅན་མུའུ་ལན་ཆུ་བོ་དང་ཧའེ་ནན་སན་ཡ་ཆུ་བོ་སོགས་བཅོས་སྐྱོང་སྒྱུར་བཀོད་བྱས་པའི་ཆུ་ལམ་རེ་རེའི་ཆུ་དྭངས་ཤིང་གཙང་ལ། ཉ་མོ་གར་དུ་རྩེན་བཞིན་ཡོད་ཅིང་། མི་རྣམས་ཀྱིས་དེ་རུ་གྲུ་ཁེམ་དཀྲུགས་ནས་སྲོལ་རྒྱུན་རིག་གནས་ཉམས་ལེན་དང་སྐྱེ་ཁམས་ཀྱི་མཛེས་སྡུག་མྱོང་རོལ་བྱེད་ཀྱིན་ཡོད།

ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་ཁྲིན་ཞང་ས་ཁུལ་འབྲུག་གྲུའི་རུ་ཁག་གི་རུ་མི། ལིན་ཀྲོའུ་ཡིས་བཤད་རྒྱུར། མུའུ་ལན་ཆུ་བོའི་ལོ་འདི་དག་གི་འགྱུར་ལྡོག་ཧ་ཅང་ཆེ་ལ། ང་ཚོས་གྲུ་ཐོག་ནས་མིག་མདུན་གྱི་ཆུ་ཕྲན་དང་རྒྱང་རིང་གི་རི་བོ་མཐོང་ཐུབ་པས་ཧ་ཅང་མཛེས་ཟེར།

ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ཡན་ཀྲོའུ་འབྲུག་གྲུ་རུ་ཁག་གི་རུ་མི་ཧོ་ཧྲེང་ཆུན་གྱིས་བཤད་རྒྱུར། སན་ཡ་ཆུ་བོའི་ཆུ་གཤིས་ཉེ་བའི་ལོ་གཉིས་ནང་བཅོས་སྐྱོང་བྱས་རྗེས། ཆུ་གཤིས་ཇེ་དགའ་རུ་གྱུར་ཡོད་པར་བརྟེན། འདི་ལྟ་བུའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཚོར་བ་ཧ་ཅང་བཟང་ཟེར།

དེང་སྐབས་སྔོ་ལྗང་གི་རི་ཀླུང་ནི་མང་ཚོགས་སྔར་ལས་མང་པོར་མཚོན་ནས་བཤད་ན་རང་ཉིད་དང་ཁ་ཐག་ཉེ་སའི་བདེ་སྐྱིད་ཅིག་ཏུ་གྱུར་ཡོད་ལ། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་ཡང་མཚོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གོ་གནས་སུ་བཞག་ཡོད། མཚོ་སྔོན་པོའི་འགྲམ་ངོགས་དང་ལྷོ་རྒྱ་མཚོའི་འགྲམ་རྒྱུད། སྡོང་འཛུགས་བྱ་ཡུལ། བྱེ་བཅོས་བྱེད་ཡུལ་བཅས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཐུགས་ཁུར་གནང་བཞིན་ཡོད་ལ། ཁོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་མཉམ་དུ་སྐུལ་འདེད་གཏོང་བར་དོ་སྣང་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག་ཏུ།  ད་ལོར། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་རི་ཆུ་ནགས་ཞིང་དང་མཚེའུ། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ཡོད།

ཐའེ་ཧུའུ་མཚེའུའི་གཏིང་ཟབ་ས་རུ། སྐྱེ་ཁམས་གཙང་སེལ་གྲུ་གཟིངས་ཀྱིས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད་ལ། རེས་སྐོར་གསར་པའི་ཐའེ་ཧུའུ་མཚེའུ་ཡི་བྱེ་འདམ་གཙང་སེལ་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་དུ། ཐའེ་ཧུའུ་མཚེའུ་ཡི་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་ལྔ་ལས་བརྒལ་བ་ཞིག་འགྲམ་ངོགས་སུ་ཐག་བཅད། 2024ལོར་ཐའེ་ཧུའུ་མཚེའུ་ཡི་ཆུ་གཤིས་ལ་ལོ་ངོ30རིང་གི་ཆུ་ཚད་ལེགས་ཤོས་བསྐྲུན། ད་ལོར། ཅང་སུའུ་ཡིས་ཐའེ་ཧུའུ་མཚེའུ་ཡི་སྟོད་རྒྱུད་ཀྱི་གཙོ་གནད་ཆུ་ལམ40ཡི་ཆུ་གཤིས་ཇེ་ལེགས་སུ་བཏང་ནས། ཐའེ་ཧུའུ་མཚེའུ་ཡི་ཆུ་གཤིས་བསྟུད་མར་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

མཚེའུ་སྟོང་གི་ཞིང་ཆེན་ཞེས་གྲགས་པའི་ཧུའུ་པེ་རུ། མཚེའུ་གང་མགྱོགས་སྒོས་བཅོས་སྐྱོང་བྱེད་བཞིན་ཡོད། ཏེའོ་ཁྲ་མཚེའུ་ནི་ཧུའུ་པེ་ཡི་མཚེའུ་ཆེན་པོ་ལྔའི་ཡ་གྱལ་ཡིན་པའི་ཆ་ནས། མཚོ་ཆུའི་སྐྱེ་ཁམས་སླར་གསོའི་དུས་ཐེངས་དང་པོའི་བཟོ་སྐྲུན་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་ཡོད་ལ། སྔོན་དཔག་བྱས་ན་ཟླ9པར་ལས་ཚར་རྒྱུ་རེད། ད་ལོ་ཧུའུ་པེ་ཡིས་ཞིང་ཆེན་རིམ་པའི་ཚོད་ལྟའི་མཚེའུ5ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དང་གྲོང་ཁྱེར་རིམ་པའི་ཚོད་ལྟའི་མཚེའུ56གི་ཆུ་ལག་སྦྲེལ་མཐུད་དང་ཆུ་དྲ་འཛུགས་སྐྲུན། གཞི་གྲངས་མཚེའུ་སོགས་ཐད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཧུའུ་པེ་ཞིང་ཆེན་ཆུ་བེད་ཐིན་མཚེའུ་ཁྲུའུ་ཡི་ཁྲུའུ་ཀྲང་ཐུང་ཏན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་གསུང་། ང་ཚོས་མཚེའུ་ཡི་འགྲམ་རྒྱུད་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུའི་བཅོས་སྐྱོང་བཟོ་སྐྲུན་ལ་ཆད་པ་ཁ་གསབ་བྱེད་པ་སོགས་ལས་འགན་གཙོ་བོ་ལྔ་ལ་དམིགས་ཏེ། མ་ལག་ཚང་བའི་མཚེའུ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་དགོས།

སྡོང་འཛུགས་ནགས་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་རིམ་གལ་ཆེན་ཞིག་ཡིན་ལ། མིག་སྔར་རང་རྒྱལ་གྱི་ནགས་ཀྱི་ཁྱབ་ཚད25%ལས་བརྒལ་ནས། འཛམ་གླིང་གི་ལྗང་བསྒྱུར་ལ་ཧ་ལམ25%ལེགས་སྐྱེས་ཕུལ་ཡོད། ཏ་ཞིང་ཨན་ལིང་མའོ་ཧོ་ནགས་ཁུལ་དུ་སྡོང་འཛུགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་རེད།

ད་ལོ་ཧེ་ལུང་ཅང་གིས་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཆེན་ཡོངས་སུ་ནགས་ཚལ་ས་མུའུ་འབུམ་དགུ་བསྐྲུན་འཆར་ཡོད་པ་དང་། ནགས་ཚལ་རྒྱ་ཁྱོན་མུའུ་ས་ཡ་གསུམ་འབུམ་དྲུག་གསོ་སྐྱོང་བྱེད་པའི་འཆར་གཞི་ཡོད།

ཧི་པེའི་སའེ་ཧན་པཱ་འཕྲུལ་ཆས་ནགས་རའི་ལས་བཟོ་པ་ཚོས་གོ་སྐབས་དམ་འཛིན་གྱིས་སྡོང་བོའི་ཡལ་གའི་འོག་ཏུ་ནགས་སྐྲུན་བྱས། 2026ལོར་སླེབས་དུས། སའེ་ཧན་པཱ་ཡི་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྱ་བཞིར་མཐོ་རུ་འགྲོ་རྒྱུ་དང་ནགས་ཚལ་བརླན་སའི་ཐོན་འབབ་གྱི་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་ཐེར་ཆེན་གཉིས་འབུམ་གསུམ་ལས་བརྒལ་རྒྱུ་རེད།

ཧི་པེ་ཞིང་ཆེན་སའེ་ཧན་པཱ་འཕྲུལ་ཆས་ནགས་རའི་འགོ་གཙོ་ཡུས་ཧྲི་ཐའོ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་སྟེ། མེས་རྒྱལ་ལྗང་མདོག་ཅན་དུ་སྒྱུར་བར་མཐོང་ཆེན་བྱས་ནས། ནགས་ཚལ་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་དགོས། ད་ལོར་མུ་མཐུད་དུ་ཤིང་སྡོང་གསར་པ་ནང་འདྲེན་བྱས་ནས་སྡོང་བོའི་ཡལ་གའི་འོག་ཏུ་ནགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྡོང་འཛུགས་ས་ཁྱོན་མུའུ་སུམ་སྟོང་སུམ་བརྒྱ་ལྷག་ཟིན་པར་བྱས་ནས།  མིས་བཟོས་ནགས་ཚལ་རང་བྱུང་ཅན་དུ་འགྱུར་བའི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ནགས་ཚལ་གྱི་སྐྱེ་ཁམས་མ་ལག་སྔར་ལས་བརྟན་པོ་ཡོང་བར་བྱེད་དགོས།

ཚན་རིག་དང་མཐུན་པའི་བྱེ་བཅོས་རྒྱུན་འཁྱོངས་བྱས་ནས་མྱ་ངམ་ཐང་དུ་འགྱུར་བའི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། ད་ལོ་ནང་སོག་གིས་བྱེ་བཅོས་ས་མུའུ་བྱེ་བ་གཉིས་ཡན་བྱ་རྩིས་ཡོད། ཁུའུ་པུའུ་ཆིས་བྱེ་ཐང་ནུབ་རྒྱུད་ཀྱི་བྱེ་རླུང་འགོག་ཁུལ་གྱི་བཅོས་སྐྱོང་རྣམ་གྲངས་ཡུལ་དངོས་སུ། མི་རྣམས་ཀྱིས་བཟོ་སྐྲུན་བྱེ་འཇགས་དང་མིས་བཟོས་རྩྭ་འདེབས། འཕུར་འདེབས་སོགས་ཀྱི་བྱེད་ཐབས་སྤྱད་དེ་བྱེ་ཐང་བཅོས་སྐྱོང་བྱེད་བཞིན་ཡོད། བྱེ་ཐང་བཅོས་སྐྱོང་རྣམ་གྲངས་དེའི་སྤྱིའི་ལས་འགན་ས་མུའུ་འབུམ་བདུན་ ཁྲི་གཉིས་སྟོང་བཞི་ཡིན་ལ། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་སྔོན་ལ་ཡོངས་འགྲུབ་བྱེད་རྒྱུ་རེད།