འབྲུ་རིགས་བདེ་འཇགས་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་གི་ཚད་ཐིག་ནན་སྲུང་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་ལ་ཤུགས་བསྣན་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ཚད་གཏན་འཇགས་དང་འདོན་སྤྲོད་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས་མྱོང་། ད་ལོར། འབྲུ་རིགས་ཐོན་ཁུལ་གཙོ་བོ་དག་གིས་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བཞི་ཡས་མས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། རྒྱ་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་དམ་འཛིན་ནན་མོ་དང་ཞིབ་ཚགས་ཀྱི་སྒོ་ནས་དམ་འཛིན་བྱས་ལ། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་སྟེ། ཀྲུང་གོ་བ་རང་ཉིད་ཀྱི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་ལ་རྩེ་གཅིག་ཏུ་གཞོལ།
མིག་སྔར། བྱང་ཤར་འབྲུ་མཛོད་ཀྱི་ས་ནག་སྟེང་དཔྱིད་འདེབས་གཞི་རྩའི་ཆ་ནས་མཇུག་བསྒྲིལ་ཞིང་། ས་ཞིང་མང་ཆེ་བའི་བརླན་ཚད་ཅུང་ལེགས་པ་དང་མྱུ་གུ་རིམ་བཞིན་འབུས་ནས་དུས་ཚིགས་གསར་པར་ལོ་ལེགས་ཡོང་བའི་རེ་བ་སྦྲུམ་ཡོད། དེ་དང་ཆབས་ཅིག་ཏུ། ཡངས་ཤིང་རྒྱ་ཆེ་བའི་དགུན་གྲོ་ཐོན་ཁུལ་གཙོ་བོའི་གྲོ་ཡི་བཅུ་ཆའི་བཞི་བསྡུས་ཟིན་པས། གྲོ་བསྡུའི་དུས་ཡུན་ན་ནིང་གི་དུས་མཉམ་ལས་མགྱོགས་པ་དང་། དབྱར་འབྲུར་ལོ་ལེགས་ཡོང་བར་རྨང་གཞི་བཏིངས་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པས། ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་དང་རྒྱ་ཁྱོན་གཏན་འཇགས། ཞིབ་རྨོ་ཞིབ་ལས་བྱེད་པ་ནས་ས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བར་དང་། དེ་ནས་ཞིང་པས་འབྲུ་རིགས་འདེབས་པའི་བརྩོན་སེམས་ཇི་ལྟར་ཆེ་རུ་གཏོང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སོན་བཟང་དང་གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱབ་གདལ་དུ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིབ་རྨོ་ཞིབ་ལས་ཐད་ཤུགས་སྣོན་དགོས་ལ། མུའུ་རེའི་འབྲུ་རིགས་ཐོན་ཚད་དང་སྤུས་ཀ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་ནན་དུ་རྟོག་ཞིབ་གནང་སྐབས། “རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས”ཞེས་ནན་གྱིས་བསྟན་ཡོད།
ཞིང་ལས་ཞིང་སྡེ་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སི་ཡི་འགོ་གཙོ་གཞོན་པ་ལུའེ་ཞིའུ་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལེགས་པོར་འཁུར་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ང་ཚོས་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུ་དེ་ད་ལོའི་འབྲུ་རིགས་ཐོན་སྐྱེད་དམ་འཛིན་གྱི་ལས་འགན་གལ་ཆེན་དང་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། ད་ལོའི་ཆུ་འབྲས་ཀྱི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་ཇེ་མཐོར་བཏང་སྟེ། སྒྲིག་གཞི་ཧྲིལ་བོའི་སྐུལ་འདེད་རྫོང702བར་རྒྱ་བསྐྱེད།
ད་ལོར། རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གྲོ་དང་སྔ་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཇེ་མཐོ་རུ་བཏང་སྟེ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་དང་འབྲས་སོབ་ཀྱི་ཁ་གསབ་བྱེད་དགོས་ལ། འབྲས་དང་གྲོ མ་རྨོས་ལོ་ཏོག་བཅས་ཀྱི་མ་རྩ་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་ཀྱི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། ཞིང་པའི་འབྲུ་རིགས་འདེབས་པའི་བརྩོན་སེམས་སྔར་ལས་ཡར་སྐུལ་བྱེད་དགོས། སྔོན་དཔག་བྱས་ན་ད་ལོར་འབྲུ་རིགས་འདེབས་ཁྱོན་ས་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་དགུ་ཡས་མས་ལ་སླེབས་རྒྱུ་རེད།
ད་ལོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། སླར་ཡང་ས་མུའུ་བྱེ་བ་བརྒྱད་ཡས་མས་བསྐྲུན་རྩིས་ཡོད། ད་ལོར། རང་རྒྱལ་གྱིས་ཆུ་འབྲས་དང་གྲོ། མ་རྨོས་ལོ་ཏོག སྲན་ཆེན། ལོག་དཀར་བཅས་ལོ་ཏོག་གཙོ་བོ་ལྔ་ལ་དམིགས་ནས། བྱང་ཤར་དང་རྨ་ཆུ། ཧོད་ཧི་ཆུ་བོ། ཧེ་ཧི་ཆུ་བོ། འབྲི་ཆུའི་འབབ་རྒྱུད། ཀྲུང་ཧྭའི་ལྷོ་རྒྱུད། ནུབ་བྱང་། ནུབ་ལྷོ་བཅས་ཀྱི་འགག་རྩའི་ས་ཁོངས་ཆེན་པོ་དྲུག་དང་། ཐོན་འཕར་དང་ཕན་སྐྱེད་ཀྱི་འགག་རྩའི་ལག་རྩལ་ཁག་ཅིག་གསར་གཏོད་འཚོལ་ཞིབ་བྱེད་པ་དང་། གོ་རིམ་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོར་མུའུ་རེའི་ཐོན་ཚད་སྦས་ཤུགས་གློད་དགོས།
ཨན་ཧུའེ་ཀོང་ཏི་ཡིས་ད་ལོར་སྔོན་ལ་ཆུ་འབྲས་ཀྱི་རྒྱ་ཁྱོན་ཆེན་པོས་ཐོན་འཕར་ཕན་སྐྱེད་ཚོད་ལྟ་བྱ་རྒྱུ་ཡིན་ཞིང་། ཉིན་འདི་འགར་དཔེ་སྟོན་ས་ཁུལ་དུ་ཆུ་འབྲས་ཀྱི་ལྗང་མྱུག་འཛུགས་བཞིན་ཡོད། ཐོན་འབབ་ལེགས་པའི་སོན་བཟང8ནང་འདྲེན་བྱས་པ་བརྒྱུད། ལག་རྩལ་གསར་པ་མང་པོ་གཅིག་བསྡུས་བྱས་ཤིང་། སྔོན་དཔག་ལྟར་ན་མུའུ་རེའི་ཐོན་ཚད10%ཡན་ཇེ་མཐོར་འགྲོ་རྒྱུ་རེད།
སྔོན་ལ་སྒྲུབ་པ་དང་སྔོན་ལ་འཚོལ་ཞིབ་བྱེད་པའི་རྨང་གཞིའི་སྟེང་། ད་ལོར་འབྲུ་རིགས་ཐོན་ཁུལ་གཙོ་བོ་དག་གིས་ད་དུང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འབྲུ་རིགས་ཐོན་ནུས་མཐོ་རུ་གཏོང་རྒྱུ་རེད།
འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་ཧེ་ལུང་ཅང་གིས་ད་ལོར“འཕྲུལ་འཁོར་ལེགས་གྲས་ཁ་གསབ”བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་སོན་འདེབས་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་གཤིས་ནུས་མཐོ་བའི་སོན་འདེབས་འཕྲུལ་འཁོར་ཁྱབ་གདལ་ཤུགས་ཆེན་བཏང་ནས། སྤུས་ལེགས་འདེབས་ཁྱོན་མུའུ་བྱེ་བ་གཅིག་ཡན་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་བཟོས་ཡོད།
དབྱར་ཟླ་གསུམ”གྱི་རྙོག་འཛིང་ཆེ་ཞིང་གནམ་གཤིས་འགྱུར་ལྡོག་མང་བའི་གནས་ཚུལ་ལ་དམིགས་ནས། ཧི་ནན་དང་ཧྲན་ཏུང་སོགས་གྲོ་ཐོན་ཁུལ་གཙོ་བོས་“དལ་མྱུར་གཉིས་སྤྱོད”ཀྱི་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་བབ་བསྟུན་གྱི་ཞབས་ཞུ་ལྟེ་གནས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་བཏང་།
མིག་སྔར། གྲོ་བརྔ་བསྡུ་ཡི་གཙོ་གནད་ཞིང་ཆེན་གྱིས་ས་ཁོངས་ཀྱི་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས3900ལྷག་དང་རྒྱུན་རྣམ་ཅན་གྱི་ཞིང་འཕྲུལ་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུའི་རུ་ཁག6900ལྷག་བཙུགས་ནས། འདེབས་མཁན་ཞིང་བ་ཚོར་གྲོ་བརྔ་བསྡུ་བག་ལྷོད་ཡོང་བར་བྱས།
ད་ལོར། མིས་བཟོས་རིག་ནུས་དང་སྲོལ་རྒྱུན་ཞིང་ལས་མཉམ་འདྲེས་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རྩི་ཐབས་ལ་བརྟེན་པའི“ཞིང་ལས་ཀླད་ཆེན”འདེབས་མཁན་ཁྱིམ་ཚང་སྔར་ལས་མང་བས་ཐོན་སྐྱེད་དངོས་ཀྱི་ཁྲོད་སྤྱོད་ཀྱིན་ཡོད། ཧུའུ་ནན་ཁྲང་ཧྲ་རུ་ཡོད་པའི་ཤེས་རིག་ཞིང་ར་འདིར། ཚན་ཞིབ་ཚོགས་པས་རྒྱང་ཚོར་སྐྱེ་ཚུལ་བརྟག་དཔྱད་དང་འགྱུར་ཚད་ལ་བརྟེན་ནས་ལུད་གཏོར་ལེགས་སྒྲིག་སོགས་རྩི་ཐབས་དང་ལག་རྩལ་མང་པོ་ཞིབ་འཇུག་གསར་སྤེལ་བྱས་ཤིང་། རང་ཞིབ་ལོ་ཏོག་གི་དཔེ་རྣམ་དང་ཟུང་འབྲེལ་བྱས་ནས། མི་མེད་གནམ་གྲུར་བརྟེན་ནས་སྨི་གྲུ་བཞི་རིམ་པའི་འགྱུར་ཚད་ལ་གཞིགས་ནས་ལུད་གཏོར་བ་དང་།“གང་དུ་མི་འདང་ན་དེ་གར་ཁ་གསབ་དང་། གང་ཞིག་མི་འདང་ན་དེ་ལ་ཁ་གསབ་བྱེད་པ། ཅི་ཙམ་མི་འདང་ན་དེ་ཙམ་ཁ་གསབ་བྱེད་པ”བཅས་བྱེད་ཀྱི་བསམ་ཕྱོགས་ལག་བསྟར་བྱེད་ཀྱིན་ཡོད།
ད་ལོར་ཤུགས་ཚད་ཆེ་བའི་ཞིང་འཕྲུལ་དང་ཁ་ལོ་བ་མེད་པའི་འདྲུད་འཐེན་འཁོར་ལོ། རིག་ནུས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་སྔར་ལས་མང་བ་རེ་བའི་ཞིང་སར་ཁྱབ་ནས་ཞིང་ལས་ཐོན་སྐྱེད་ཀྱི་རྨོ་འདེབས་དང་དོ་དམ། བསྡུ་ལེན་བཅས་ཀྱི་གོ་རིམ་ཁག་ཏུ་ཁྱབ་ནས། དཔྱིད་རྨོ་དང་དབྱར་ཟླ་གསུམ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱས་ཡོད།
མཐའ་ཡས་པའི་ས་ནག་ནས་གྲོ་སྙེའི་གསེར་མདོག་གི་ཞིང་སའི་བར། ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་འོག“ཀྲུང་གོའི་ཟས་ཕོར”སྔར་ལས་གང་བ་དང་སྔར་ལས་བརྟན་པ། སྔར་ལས་སྤུས་ཚད་ལེགས་པ་བཅས་མངོན་འགྱུར་བྱུང་ཡོད།