ཟླ6པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། འཇར་པན་གྱི་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧི་ཡེ་དབྱང་ཕིང་གིས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་པའི་ཚོགས་པར་མཇལ་འཕྲད་གནང་།
ལིས་ཆང་གིས་ན་ནིང་གི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཧྲི་ཕུའུ་མའོ་དང་མཇལ་འཕྲད་གནང་ནས། ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་བླང་བྱ་དང་མཐུན་ཞིང་དགེ་མཚན་ལྡན་ལ་བརྟན་བརླིང་ཅན་གྱི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་བྱུང་། ཀྲུང་གོས་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། ད་ལྟའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཀྲུང་གོ་དང་འཇར་པན་གྱིས་ཚོང་དོན་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། འཇར་པན་གྱི་རྒྱལ་སྤྱིའི་ཚོང་དོན་ཡར་སྐུལ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་སྤེལ་གཏོང་རྒྱུ་དང་། མཛའ་མཐུན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཧི་ཡེ་དབྱང་ཕིང་གིས་འཇར་པན་གྱི་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་མཐུན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། མུ་མཐུད་དུ་བརྗེ་རེས་རྒྱ་སྐྱེད་དང་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་བརྩེ་བ་ཇེ་དྲག་ཏུ་གཏོང་བ་དང་ཕན་ཚུན་བར་ཤེས་རྟོགས་བྱེད་ཚད་ཇེ་ལེགས་སུ་གཏོང་བ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།