ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། 《སྲིད་དོན་གཞི་གྲངས་མཉམ་སྤྱོད་སྲོལ་ཡིག》ཅེས་པ་བསྒྲགས་པ་དང་། སྲོལ་ཡིག་དེ2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》གི་དམིགས་ཡུལ་ནི་སྲིད་དོན་གཞི་གྲངས་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་མཉམ་སྤྱོད་བྱ་རྒྱུ་དང་། སྲིད་གཞུང་གི་གཞི་གྲངས་ཅན་གྱི་བཅོས་སྐྱོང་ནུས་པ་དང་སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་རྒྱུ། ཁྱོན་ཡོངས་ནས་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་བཅས་རེད། 《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ8དང་དོན་ཚན44ཡོད་ཅིང་། དེའི་ནང་གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་དེ། གཅིག་ནི་སྤྱིའི་བླང་བྱ་གཏན་འབེབས་གསལ་བོ་བྱས་ཡོད་དེ། སྲིད་དོན་གཞི་གྲངས་མཉམ་སྤྱོད་བྱ་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་གཏན་འབེབས་བྱས་ཡོད། གཉིས་ནི་དཀར་ཆག་དོ་དམ་ཇེ་ལེགས་སུ་བཏང་ཡོད་དེ། རང་དགར་ཆ་རྐྱེན་མང་དུ་བཏང་ནས་སྲིད་དོན་གཞི་གྲངས་མཉམ་སྤྱོད་བྱེད་པར་བཀག་འགོག་དང་ཤུགས་རྐྱེན་བཟོ་མི་ཆོག གསུམ་ནི་མཉམ་སྤྱོད་བེད་སྤྱོད་ཀྱི་བླང་བྱ་ཇེ་ཞིབ་ཏུ་བཏང་ཡོད་དེ། མཉམ་སྤྱོད་བྱས་པ་བརྒྱུད་སྲིད་དོན་གཞི་གྲངས་ཐོབ་ནས་ལས་འགན་སྒྲུབ་པའི་དགོས་མཁོ་སྐོང་ཐུབ་པའི་སྲིད་གཞུང་སྡེ་ཁག་གིས་བསྐྱར་ཟློས་སྒོས་བསྡུ་རུབ་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད། བཞི་ནི་ལས་སྟེགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་དགོས་ཏེ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་གཞི་གྲངས་ཆེན་མོའི་མ་ལག་སྡེབ་སྒྲིག་བྱས་ནས་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། ལྔ་ནི་འགན་སྲུང་བྱེད་ཐབས་ལ་ཤུགས་སྣོན་དགོས་པ་སྟེ། སྲིད་དོན་གཞི་གྲངས་མཉམ་སྤྱོད་ཀྱི་ལྷུ་ཚིགས་སོ་སོའི་བདེ་འཇགས་འགན་འཁྲི་ཁུར་མཁན་གཏན་ཁེལ་གསལ་པོ་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།