ཟླ6པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོའི་ཚོགས་འདུར་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་མིར་མཉམ་དུ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས2024ལོའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་བར་མཉམ་འབྲེལ”གྱི་ཨ་སི་ཐ་ནའི་རྩེ་ཚོགས་སྟེང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་སྐྲུན་བྱ་རྒྱུའི་ཐད་གྲོས་གཞི་གལ་ཆེན་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གོ་སྐབས་འདིར་བསྟུན་ནས། འཕེལ་རྒྱས་སྔོན་འགྲོ་རྒྱུན་འཁྱོངས་དང་། ནོར་སྲིད་དང་དངུལ་རྩའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་གཞིའི་དངུལ་སྒོར་བསྡོམས་རྩིས་རྒྱག་པའི་ཐོབ་སྐལ་རྒྱ་བསྐྱེད་པ། གཞི་གྲངས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བ། ཧུར་ཐག་སྒོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་སྤེལ་དངུལ་ཁང་འཛུགས་གྲབས་བྱས་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྩོལ་འདོད་ཡོད་ཅེས་གསུངས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨར་མེ་ཁི་པཱ་ཡེ་ཧྥུའུ་ཡིས་ཕྱི་ཕྱོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་ནས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ནས་ལས་དོན་བསྒྲུབས་པར་ཚད་མཐོའི་བསྟོད་བསྔགས་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། “ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་ས་ཁུལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།