ཟླ6པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རྒྱུགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དོན་འཁྱོལ་བྱེད་པ། རྩ་འཛུགས་ཞིབ་མོ་དང་བཀོད་སྒྲིག་ནན་མོ་བྱེད་པ། བརྒྱུད་རིམ་ཧྲིལ་བོ་དང་ཕྲེང་འབྲེལ་ཧྲིལ་བོ། རྒྱུ་རྐྱེན་ཡོངས་ནས་མཐོ་རྒྱུགས་བདེ་བླག་ཡོང་བར་བྱེད་དགོས།
མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་དུ། ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་གྲ་སྒྲིག་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་ནས་གྲོང་ཁྱེར་དང་ཁུལ་སྐོར་ཞིག་གི་རྒྱུགས་དོན་བཀོད་འདོམས་ལྟེ་གནས་ལ་ཁ་པར་ལས་འབྲེལ་འདྲིས་བྱས་ནས། ས་ཆ་སོ་སོའི་མཐོ་རྒྱུགས་གྲ་སྒྲིག་གནས་ཚུལ་ལ་བཀོད་གཏོང་སྐོར་ཞིབ་བྱས། ཁོས་བསྟན་དོན། ད་ལོ་ནི་རང་ཞིང་གི་མཐོ་རྒྱུགས་ལ་ཕྱོགས་བསྡུས་བཅོས་སྒྱུར་བྱེད་པའི་ལོ་དང་པོ་ཡིན་པ་དང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། རྩ་འཛུགས་འགན་སྲུང་གི་བྱ་བ་བརྟན་བརླིང་དང་ཞིབ་ལེགས་སྒོས་སྒྲུབ་ནས། མཐོ་རྒྱུགས་བདེ་བླག་བརྟན་བརླིང་དང་གོ་རིམ་ལྡན་པར་བྱེད་དགོས། རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱེད་པ་དང་། གཙོ་གནད་དུས་རིམ་ལ་དམིགས་ནས་བཀག་སྡོམ་ལ་ཤུགས་སྣོན་པ། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་བཏང་སྟེ། རྒྱུགས་དོན་བྱ་བའི་རྩ་འཛུགས་ཆུ་ཚད་མཐོར་འདེགས་གཏོང་དགོས། བྱ་བའི་ཞིབ་ཆ་དམ་འཛིན་བྱེད་པ་དང་། བདེ་འཇགས་གསང་སྲུང་ལམ་ལུགས་དོན་འཁྱོལ་བྱས་ནས། ཚད་གཞི་ཆེས་མཐོན་པོ་དང་བྱེད་ཐབས་ཆེས་བཟང་བོས་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། རྒྱུགས་ཞུགས་སློབ་མ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དྲིལ་སྒྲོག་གསོ་སྦྱོང་དང་གླེང་ཕྱོགས་ལྟ་ཞིབ་ལ་ཤུགས་སྣོན་པ། ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་ཚོར་བློ་བདེ་བག་ཕེབས་ཀྱི་རྒྱུགས་ལེན་ཁོར་ཡུག་བསྐྲུན་དགོས།
ཞིང་ཆེན་སློབ་གསོ་ཐིན་དུ། ལུའོ་ཏུང་ཁྲོན་རྨང་གཞི་སློབ་གསོ་དང་མཐོ་རིམ་སློབ་གསོ། ལས་རིགས་དང་དར་མའི་སློབ་གསོ། མི་རིགས་སློབ་གསོ། ཏང་འཛུགས་བསམ་བློ་ཆབ་སྲིད་ཀུན་སྤྱོད་སློབ་གསོ་སོགས་ཁྲུའུ་དང་གཞུང་སྒྲུབ་ཁང་དང་སློབ་རའི་བཟའ་བཏུང་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་བའི་ཆེད་ཚན་ལ་སོང་ནས། ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས། དུས་རབས་གསར་པའི་སློབ་གསོའི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་སྔར་ལས་མཐོ་བ་དང་སྔར་ལས་སྣ་མང་གི་སློབ་གསོའི་དགོས་མཁོ་སྐོང་དགོས། འཇོན་མི་སྣ་མང་ཅན་གྱི་དགོས་མཁོ་དང་བསྟུན་པ་དང་། བསླབ་ཚན་ཆེད་ལས་འགུལ་རྣམ་སྒོས་ལེགས་སྒྲིག་བྱས་ཏེ། རྩེ་གྲ་གཉིས་འཛུགས་སྐྲུན་བྱེད་པ་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་སོགས་ཕྱོགས་ནས་མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱེད་དགོས། རང་འགུལ་གྱིས་རང་ཞིང་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁྱད་ལྡན་ཐོན་ལས་དང་སྦྲེལ་མཐུད་བྱེད་པ་དང་། ལས་དཀྱུས་མཉན་མཐུད་དང་ཐོན་སློབ་མཉམ་བསྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སློབ་རའི་བཟའ་བཏུང་གི་ཟས་རིགས་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། བྱིས་པར་ཟ་མ་བཟང་བོ་ཟ་ཏུ་འཇུག་པ་དང་ཁྱིམ་བདག་སེམས་བདེ་བ། སྤྱི་ཚོགས་ཡིད་ཚིམ་པར་བྱེད་དགོས།
ལིའུ་ཐའོ་ཞིབ་བཤེར་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།