ཟླ6པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།
ཟླ6པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ། ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཡང་བསྐྱར་ལུའུ་ཁཱ་ཧྲིན་ཁི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་ནི་གྲོགས་པོ་ངོ་མ་དང་སྤུན་ཟླ་བཟང་པོ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་ལྟ་ཚུལ་བཟུང་ནས་ཕན་ཚུན་ཡིད་ཆེས་སྒོས་འབྲེལ་འདྲིས་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཡུན་གྱི་ཟུར་ཚད་ནས་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད་ལ། ཨུ་རུ་སུ་དཀར་པོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་གཉིས་ཕན་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། བཙན་དབང་དང་བཙན་དྲག བཙན་བརྙས་ལ་མཉམ་དུ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།
ལུའུ་ཁཱ་ཧྲིན་ཁི་ཡིས་འདི་ནི་ངས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས15པ་ཡིན་ལ། འཚམས་འདྲི་བྱེད་ཐེངས་རེ་རེར་ཀྲུང་གོ་ཕྱོགས་ཀྱི་བརྩེ་སེམས་ཟབ་མོ་ཚོར་ཐུབ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཨུ་རུ་སུ་དཀར་པོར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོར་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། ཕྱོགས་རྐྱང་རིང་ལུགས་དང་བཀག་སྡོམ་ལ་ངོ་རྒོལ་བྱས་ནས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་བྱེད་ཕྱོགས་དེར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།