ཞི་ཅིན་ཕིང་གིས་ཧན་གོའི་སྲིད་འཛིན་ལིས་ཙའེ་མེན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2025.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས4ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཙའེ་མེན་ལ་གློག་འཕྲིན་བཏང་ནས་ཁོ་ཧན་གོའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ཞིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ33འཁོར་བའི་རིང་ལ།  ཕྱོགས་གཉིས་ཀྱིས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་བར་ཁྱད་ལས་བརྒལ་ཏེ། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་ཕན་ཚུན་བར་གྲུབ་འབྲས་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་བར་མ་ཟད། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་མི་དམན་པ་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཁྲོད་ཀྱི་ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འཛམ་གླིང་དང་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས།  ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་མཉམ་དུ། ཕྱི་འབྲེལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བའི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་ནས།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།