ཟླ6པའི་ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་ལས་གཞི་གལ་ཆེན་གྱི་འཆར་འགོད་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་ཅིག་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་། འབྲེལ་ཡོད་སྡེ་ཁག་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཆེད་དོན་འཆར་གཞི་སྒྲིག་བཟོ་དང་ལས་གཞི་གལ་ཆེན་གྱི་འཆར་འགོད་གྲབས་གསོག་ཐད་ཀྱི་གནས་ཚུལ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་དེ་ཚན་རིག་དང་མཐུན་པར་གཏན་འབེབས་དང་མུ་མཐུད་དུ་ལག་བསྟར་བྱེད་པ་ནི། ང་ཚོའི་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱེད་ན་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་དམིགས་འབེན་དང་དམ་དུ་སྦྲེལ་དགོས་ཤིང་། གཅིག་འདོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། འདེགས་སྐྱོར་རང་བཞིན་བཅས་གཙིགས་སུ་འཛིན་དགོས་ལ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་མ་ལག་གི་བསམ་གཞིགས་ལ་དོ་སྣང་བྱེད་དགོས་པར་མ་ཟད། བྱ་བར་གཅིགས་འདོམས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ནས། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ཆེད་དུ་ཁ་ཕྱོགས་གཏན་འབེབས་དང་འཆར་གཞིའི་རེའུ་མིག་འགོད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་འཆར་གཞི་འགོད་ན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་མྱུར་དུ་འཛུགས་པ་དང་། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་བྱེད་པར་ཤུགས་བསྣན་ནས། ཀྲུང་ཧྭའི་ཆུ་མཛོད་དེ་ཆུ་བོ་རྒྱས་ཤིང་སྲ་ཞིང་བརྟན་པ་ཞིག་ཏུ་བསྐྲུན་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་དགོས་མཁོ་དུས་ནམ་ཡང་ཁོང་དུ་ཆུད་པར་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གནས་བཞི་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་ཐད་བྱེད་ནུས་སྩོལ་དགོས་ཤིང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེབ་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་དམིགས་བསལ་གྱི་འོས་འགན་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། ཚད་མཐའི་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་གོ་སྐབས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོའི་ཁྲོད་རྒྱུན་མཐུད་སྒོས་འདྲེས་པར་བྱས་ནས། རྒྱལ་ཁབ་ཀྱིས་ནུབ་ཕྱོགས་སུ་སྒོ་འབྱེད་པའི་དུས་རིམ་གལ་ཆེན་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་དོན་དངོས་ཀྱི་དགོས་མཁོ་དངོས་སུ་ཁོང་དུ་ཆུད་པར་བྱས་ཏེ། ལྕགས་ལམ་དང་། གཞུང་ལམ། ཆུ་དྲ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་གལ་ཆེན་ཐད་སྔར་ལས་ལྷག་པའི་འཆར་འགོད་བྱེད་པ་དང་། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་ཆས་དང་གྲོང་ཁྱེར་གྱི་སྦུག་དྲ་སོགས་ཀྱི་ཞན་ཆ་དང་ཉམ་ཞན་ལས་གཞི་ཁ་གསབ་བྱེད་དགོས། དཀའ་ངལ་གདོང་གིས་བསུ་བ་དང་བློ་སྐྱེད་ཡར་བརྩོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ལེགས་པོར་བསྡུ་དགོས།
ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱེད་རྒྱུ་དེ་མཚོ་སྔོན་གྱི་ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། དམིགས་འབེན་དང་ལས་འགན་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ་དང་། དགེ་མཚན་ངེས་གནས་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་། དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་གསར་གཏོད་རང་བཞིན་དང་། སྣེ་ཁྲིད་རང་བཞིན། མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་ཁག་ཅིག་འགྲེམ་སྤེལ་བྱེད་དགོས། བདེན་སྲུང་གསར་གཏོད་དང་བཅོས་སྒྱུར་མཁྲེགས་གཏོར། སྒོ་འབྱེད་ཇུས་འདོན་བཅས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་ལམ་ལུགས་རྐྱེན་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། སེམས་ཞིབ་མོས་ལས་གཞིར་འཆར་འགོད་དང་། ཐོན་ལས་བཀོད་སྒྲིག ཁོར་ཡུག་ལེགས་པོ་བསྐྲུན་ནས། ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དགོས། གཅིག་འདོམས་མཐུན་སྦྱོར་དང་སྦྲེལ་མཐུད་ཤུགས་དྲག འགན་འཁྲི་ནན་དཀྲི་བཅས་བྱས་ཏེ། འབད་པ་ཆེན་པོས་དུས་རབས་ཀྱི་ཁྱད་ཆོས་མངོན་ཐུབ་ཅིང་། ཆོས་ཉིད་ཁོང་དུ་ཆུད་པ། གསར་གཏོད་སྣ་འཛོམས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ནས། འབད་འབུངས་ཧུར་བརྩོན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་རྣམ་པ་གསར་པ་བསྐྲུན་དགོས།
ཚོགས་འདུའི་སྔོན་དུ། ཝུའུ་ཞའོ་ཅུན་དང་། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས།
ཀྲང་ཅིན་ཀང་གོང་གི་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།