ཟླ6པའི་ཚེས5ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལང་ཕུའུ་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཁ་ཕྱོགས་ཡང་དག་པར་བྱེད་དགོས་ན། ང་ཚོས་དམིགས་ཕྱོགས་གཏན་འབེབས་བྱེད་དགོས་ཏེ། ལྷག་པར་དུ་བར་ཆད་དང་གཏོར་བརླག་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་མེད་པར་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ། ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་ལྟར། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་སྣེ་ཁྲིད་མི་སྣས་རི་ནེ་ཝ་རུ་གྲོས་མོལ་བྱས་ཏེ། གྲོས་མོལ་བརྟེན་ནས་ཉོ་ཚོང་གནད་དོན་ཐག་གཅོད་པའི་གོམ་པ་གལ་ཆེན་སྤོས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་ཐོབ་པས། ཁ་བརྡ་དང་མཉམ་ལས་བྱེད་རྒྱུ་ནི་ཡང་དག་པའི་གདམ་ག་ཉག་ཅིག་ཡིན་པར་བདེན་དཔང་བྱས་ཡོད། ཕྱོགས་གཉིས་ཀྱིས་ད་སྔ་བཙུགས་ཡོད་པའི་ཉོ་ཚོང་གྲོས་མོལ་རྐྱེན་སྲོལ་བཀོལ་སྤྱོད་ལེགས་པོ་བྱས་ཏེ། འདྲ་མཉམ་གྱི་རྣམ་འགྱུར་འཛིན་པ་དང་། རང་སོ་སོས་སེམས་ཁུར་བྱེད་སར་བརྩི་འཇོག་བྱེད་དགོས་ཤིང་། ཐུན་མོང་ངོས་འཛིན་བྱུང་བ་དེ་ཕྱོགས་གཉིས་ཀྱིས་བརྩི་སྲུང་བྱེད་དགོས། རི་ནེ་ཝ་ནས་གྲོས་མོལ་བྱས་རྗེས། ཀྲུང་གོ་ཕྱོགས་ཀྱིས་གཟབ་ནན་སྒོས་གྲོས་ཆོད་ལག་བསྟར་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་དངོས་ཐོག་བདེན་འཚོལ་གྱིས་འཕེལ་རིམ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཀྲུང་གོར་ལག་བསྟར་བྱེད་པའི་ཐབས་ཤེས་ངན་པ་མེད་པར་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་། ཉོ་ཚོང་། དམག་དཔུང་། ཁྲིམས་བསྟར་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ནས། ཐུན་མོང་ངེས་ཤེས་བསྐྱེད་པ་དང་། ནོར་འཁྲུལ་ལྟ་བ་ཇེ་ཉུང་དུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཐེ་ཝན་གྱི་གནད་དོན་གཟབ་ནན་གྱིས་ཐག་གཅོད་བྱས་ཏེ། ཐེ་ཝན་རང་བཙན་གྱི་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཤིག་གིས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་འགལ་བ་ཁ་གཏད་ཀྱི་ཉེན་ཁའི་གནས་སུ་འདྲུད་པར་གཡོལ་ཐབས་བྱེད་དགོས།
ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཆེན་པོ་བྱས་ཤིང་། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེ་བར་འདོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་ཤུགས་དྲག་པའི་འཕར་སྣོན་སྲུང་འཛིན་བྱེད་འདོད་ཡོད་ལ། ཨ་མེ་རི་ཁ་དང་ཀྲུང་གོས་མཉམ་ལས་བྱས་ན་དོན་དག་མང་པོ་སྒྲུབ་ཐུབ་པར་འདོད་ཅིང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་རི་ནེ་ཝ་རུ་ཉོ་ཚོང་གྲོས་མོལ་བྱས་པ་ལེགས་འགྲུབ་བྱུང་ནས་གྲོས་ཆོད་བཟང་པོ་བཀོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་གྲོས་ཆོད་དངོས་འབེབས་བྱེད་པར་མཉམ་དུ་འབད་པ་བྱེད་རྒྱུ་ཡིན་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཨ་མེ་རི་ཁར་ཡོང་ནས་སློབ་སྦྱོང་བྱེད་པར་དགའ་བསུ་ཞུ་བའི་ཚུལ་བསྟན།
ཞི་ཅིན་ཕིང་གིས་ཐི་ལང་ཕུའུ་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་ཤིང་། ཐི་ལང་ཕུའུ་ཡིས་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རི་ནེ་ཝ་ཡི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མི་འགྱངས་པར་གྲོས་མོལ་གསར་པ་བྱ་རྒྱུར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།