ཉིན་འགའི་སྔོན་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་དེ། 《དམག་དོན་སྒྲིག་ཆས་འཛུགས་སྐྲུན་གྱི་སྲོལ་ཡིག》ཅེས་པ་བསྒྲགས་ཤིང་། 2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
སྲོལ་ཡིག་ལས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དོན་གྲ་སྒྲིག་ལ་ཞབས་འདེགས་ཞུ་བ་དང་། འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་སྲོལ་དང་འགན་སྲུང་བྱེད་སྟངས་གསར་པ་དང་འཚམ་པར་བྱེད་པ། དམག་དོན་སྒྲིག་ཆས་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་དོ་དམ་སྒྲིག་སྲོལ། འཁོར་སྐྱོད་ལམ་སྲོལ། བྱ་བའི་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་ནི་དམག་དོན་སྒྲིག་ཆས་འཛུགས་སྐྲུན་གྱི་བྱ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།
སྲོལ་ཡིག་ལ་བསྡོམས་པས་ལེའུ11དང་དོན་ཚན63ཡོད་ལ། དམག་དོན་ཨུ་ཡོན་ལྷན་ཁང་གིས་སྤྱིར་དོ་དམ་བྱེད་པ་དང་འཐབ་ཁུལ་གྱིས་དམག་འཐབ་གཙོ་བོར་འཛིན་པ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོར་འཛིན་པ་བཅས་ཀྱི་སྤྱིའི་རྩ་དོན་ལྟར་དུ། འཛུགས་སྐྲུན་ཕྲེང་འབྲེལ་དང་དོ་དམ་ཕྲེང་འབྲེལ། ལྟ་སྐུལ་ཕྲེང་འབྲེལ་བཅས་མཐུན་སྦྱོར་ཡོང་བར་དམ་པོར་དམིགས་དགོས། གཙོ་བོ་དམག་དོན་སྒྲིག་ཆས་འཛུགས་སྐྲུན་འཆར་གཞིའི་དོ་དམ་དང་ལས་གཞིའི་ཞིབ་མཆན། བཟོ་སྐྲུན་སྒྲུབ་འགན་སྤྲོད་ལེན། རྩད་ཞིབ་ཇུས་འགོད། ཨར་ལས་དོ་དམ། འཕྲལ་བསྟུན་འཛུགས་སྐྲུན། བདེ་འཇགས་གསང་སྲུང་། ལྟ་སྐུལ་འགན་འདྲི་སོགས་ཀྱི་ཐད་དོ་དམ་འདྲི་རྩད་གསལ་པོ་བཟོ་བ་དང་། བརྒྱུད་རིམ་དང་ལམ་སྲོལ་ཇེ་ལེགས་སུ་གཏོང་བ། ལག་ལེན་གྱི་གྲུབ་འབྲས་གཏན་འཇགས་སུ་གཏོང་བ་བཅས་བྱས་ནས། དམག་དོན་སྒྲིག་ཆས་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས། འགན་སྲུང་ནུས་པ་ཆེ་རུ་གཏོང་ཆེད་ཁྲིམས་སྐྱོང་གིས་འགན་སྲུང་ནུས་ལྡན་བྱེད་དགོས།