ཟླ6པའི་ཚེས3ཉིན་ནས་ཚེས4ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲན་ཞི་རུ་མཐོ་རྒྱུགས་རྩ་འཛུགས་འགན་སྲུང་དང་ནུས་ཁུངས་བཅོས་སྒྱུར་འཕེལ་རྒྱས་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་།
ཏེན་ཞུའེ་ཞང་ཐོག་མར་ཧྲན་ཞི་ཞིང་ཆེན་སློབ་བསྡུ་རྒྱུགས་སྤྲོད་དོ་དམ་ལྟེ་གནས་དང་ཐའེ་ཡོན་གྲོང་ཁྱེར་ཅིན་ཡོན་ས་ཁུལ་གྱི་ཚོད་ལྟའི་སློབ་འབྲིང་རྒྱུགས་སྤྲོད་ས་ཚིགས་སུ་ཕེབས་ནས། མཐོ་རྒྱུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཡུལ་དངོས་སུ་རྒྱུགས་དོན་རྩ་འཛུགས་བྱ་བ་ཁག་གི་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་མཐོ་རྒྱུགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་ཞིང་། ཁྱིམ་ཚང་ཁྲི་མ་འབུམ་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ནས། “གེགས་མེད་མཐོ་རྒྱུགས”ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས། རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་དང་མཐོ་རྒྱུགས་རྩ་འཛུགས་ལག་ལེན་དུ་བསྟར་དགོས་ན། ཐོག་མཐའ་བར་གསུམ་དུ་ཏང་ལ་འཇོན་མི་གསོ་སྐྱོང་དང་། རྒྱལ་ཁབ་ལ་ཤེས་ལྡན་པ་འདེམས་དགོས་པ་ཡིད་ལ་དམ་པོར་བཟུང་ནས། འདྲ་མཉམ་དྲང་གཞག་གི“སྲོག་རྩ”བརྟན་སྲུང་བྱ་དགོས། ཧྲན་ཞི་ནི་སྐོར་ཐེངས་ལྔ་པའི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་དོན་འཁྱོལ་བྱས་པའི་ཞིང་ཆེན་ཡིན་ལ། རྒྱུགས་དོན་ཞབས་ཞུ་དང་ཕྱོགས་བསྡུས་འགན་སྲུང་བྱ་བ་ཞིབ་ཚགས་ངང་ལེགས་པར་སྒྲུབ་པ་དང་། སེམས་ཁམས་ཁྲིད་སྟོན་དང་མི་གཞུང་དོ་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མ་མང་པོར་རྒྱུགས་ལེན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། བྱེད་ཐབས་ནན་མོ་སྤྱད་དེ། རྒྱུགས་ཤོག་དཔར་བ་དང་སྐྱེལ་བ། ཉར་ཚགས་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུགས་ལེན་གཡོ་ཟོལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། སློབ་བསྡུའི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་ནས། མཐོ་རྒྱུགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་འགན་ལེན་གང་ལེགས་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་ཧྲན་ཞི་ཉེར་སྤྱོད་ཚན་རྩལ་སློབ་གླིང་དུ་ཕེབས་ནས། དམངས་གཉེར་མཐོ་རིམ་སློབ་གྲྭའི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་སྟེ་བསྟན་དོན། གཞུང་གཉེར་སློབ་ཆེན་དང་ཡང་ན་དམངས་གཉེར་སློབ་ཆེན་གང་ཡིན་རུང་། ཚང་མ་ཏང་གིས་གཉེར་བའི་སློབ་ཆེན་ཡིན་པས། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ནས་སློབ་གྲྭའི་བཅོས་སྐྱོང་མ་ལག་ཁྲོད་འདྲེས་སུ་བཅུག་སྟེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་བླང་བྱ་དང་ཚད་གཞི་གཅིག་གྱུར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་ཐོག་ཏུ་འཁྱོལ་དགོས། ཐོན་ལས་རིམ་སྤོར་གྱི་གནས་བབ་གསར་པ་དང་འཚམ་པར་བྱས་ཏེ། རྩལ་ནུས་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་པ་དང་མཉམ་དུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་དགོས་མཁོ་ཆེ་བའི་འཇོན་མི་སྣ་ཚོགས་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱ་དགོས། ལས་ཞུགས་མཛུབ་སྟོན་ཞབས་ཞུར་ཤུགས་བསྣན་ནས། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལེགས་པོ་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་གིས་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་སྤེལ་བྱ་དགོས་ཞེས་བསྟན།
ཏེན་ཞུའེ་ཞང་རྒྱལ་ཁབ་གློག་དྲ་ཧྲན་ཞི་ཞིང་ཆེན་གློག་ཤུགས་ཀུང་ཟིར་ཕེབས་ནས། ནུས་ཁུངས་གསར་བརྗེའི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟའི་ས་ཚིགས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་སྟེ་བསྟན་དོན། ཧྲན་ཞི་ནི་ནུས་ཁུངས་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། རྡོ་སོལ་གཙང་དག་ལས་ཆོད་མཐོ་བའི་སྒོ་ནས་བེད་སྤྱོད་པར་སྣེ་ཁྲིད་དང་། ནུས་ཁུངས་གསར་པའི་བསྡུ་ཉར་གཙང་སེལ་དང་སྙོམ་སྒྲིག་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། རྣམ་པ་གསར་བའི་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་འཛུགས་པར་སྐུལ་ནས། ནུས་ཁུངས་ཀྱི་ཐོན་ཁུངས་ཁྱབ་ཁོངས་ཆེན་པོར་བཀོད་སྒྲིག་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་དགོས། དབྱར་དུས་གློག་ཤུགས་མཁོ་འདོན་སྐབས་ཀྱི་ནུས་ཁུངས་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། གློག་སོལ་ཁྲོམ་ར་བརྟན་ཐོག་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གློག་ཤུགས་བཀོད་གཏོང་དོ་དམ་བྱས་ཏེ། དམངས་འཚོ་དང་དེ་མིན་སྤྱོད་མཁན་གཙོ་བོས་གློག་སྤྱོད་མཁོ་འདོན་བདེ་འཇགས་དང་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས།
ཏེན་ཞུའེ་ཞང་གིས་ཐའོ་ཡོན་གྱི་རྒྱལ་ཁབ་ཚོད་འཛིན་ཁོར་ཡུག་མཁའ་རླུང་ལྟ་ཞིབ་ཚད་ལེན་ས་ཚིགས་སུ། རླུང་ཁམས་ཆེན་མོའི་འབག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་གནང་སྟེ་ནན་གྱིས་བསྟན་དོན། ཨ་སྔོན་སྲུང་སྐྱོབ་ནི་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འགངས་ཆེན་ཡིན་ཞིང་། ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞི། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་གཞི་བཅས་ལེགས་སྒྲིག་བྱས་ཏེ། ཁོར་ཡུག་འབག་བཙོག་གི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འབག་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ལས་རིགས་ཀྱི་ཕྱིར་འབུད་དམའ་བའི་བསྒྱུར་བཀོད་ཇེ་མགྱོགས་སུ་བཏང་སྟེ། ཁྲིམས་ལྟར“ཟང་ཟིང་དང་འབག་བཙོག་”གི་ཁེ་ལས་དག་ཐེར་བཅོས་སྐྱོང་བྱས་ནས། མཁའ་རླུང་གི་སྤུས་ཚད་ལེགས་སྒྱུར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་བདེན་ཞིང་ཡང་དག་ཡིན་དགོས་ལ། སྲིད་ཇུས་དཔྱད་འཇོག་འཐུས་ཚང་དུ་གཏོང་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་སྤྲོད་བྱས་ནས། ཨ་སྔོན་དང་ཆུ་དྭངས། ས་གཙང་བཅས་སྲུང་སྐྱོབ་བྱེད་པར་འདེགས་སྐྱོར་བྱ་དགོས།