ཟླ6པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་།
ཟླ6པའི་ཚེས6ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་དང་ལེན་གནང་། ཞི་ཅིན་ཕིང་གིས་ཁོང་ལ་འབད་བརྩོན་ཆེན་པོས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་བཟུང་ནས།སངས་རྒྱས་ཆོས་ལུགས་ཀྱི་རྟོགས་པ་མཐོ་ཞིང་། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་དགའ་གུས་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་འགྱུར་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། བོད་ལྗོངས་ཀྱི་བརྟན་ལྷིང་གོང་འཕེལ་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡང་མཇལ་ཞུ་དང་ལེན་གནང་བར་ཞུགས།
པཎ་ཆེན་ནས་ཞི་ཅིན་ཕིང་ལ་མཇལ་དར་ཕུལ་བ་དང་། ཉེ་བའི་ལོ་ཤས་རིང་གི་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་གི་ཕྱོགས་གང་ས་ཅི་ཐད་ལ་གྲུབ་འབྲས་ཡག་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས།
ཞི་ཅིན་ཕིང་གིས་པཎ་ཆེན་ནས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སློབ་གཉེར་ཐད་འབད་པ་ལྷོད་མེད་བྱེད་པ་དང་ཆོས་ལུགས་ཀྱི་ཐོས་བསམ་ཉམས་ལེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་ཀྱི་རྟོགས་པ་མཐོ་རུ་གཏོང་བ། ཕྱོགས་ཁག་གི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ལས་དོན་ཐད་བརྩོན་པ་ལྷུར་ལེན་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་པ། སྤྱོད་ལམ་ཐད་བག་ཡོད་ཚུལ་ཁྲིམས་སྲུང་བ་དང་ཁྲིམས་སྲུང་འདུལ་འཛིན་ཐད་རང་ཉིད་ནས་སྣེ་ཁྲིད་པ། ཀུན་སྤྱོད་བཟང་པོ་དང་བླ་མེད་སྤྱོད་བཟང་རྒྱུད་ལ་འཇགས་པར་བྱ་རྒྱུ་བཅས་ཀྱི་ཐུགས་རེ་བཏོན།
པཎ་ཆེན་གྱིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་བཟུང་ནས།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། མུ་མཐུད་བསླབ་པ་དོན་གཉེར་གྱིས་ཆོས་ལུགས་ཀྱི་རྟོགས་པ་དང་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་བྱེད་སྒོར་ཞུགས་ཡོད།