ལིས་ཆང་གིས་ཁ་ན་ཏའི་ཙུང་ལི་ཁཱ་ཉི་ལ་ཁ་པར་བཏང་།
2025.06.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གདན་ཞུས་ལྟར་ཁ་ན་ཏའི་ཙུང་ལི་ཁཱ་ཉི་ལ་ཁ་པར་བཏང་།

ལིས་ཆང་གིས་ཁ་ན་ཏ་ནི་ཀྲུང་གོའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཡིན་ལ། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་དུས་ཡུན་རིང་པོར་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་གནས་ཡོད་མོད། ཡིན་ནའང་ལོ་འགའི་སྔོན་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དགོས་མེད་ཀྱི་ཉོག་དྲ་ཐོན་ནས་དཀའ་ཁག་མང་པོར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་མདུན་ཕྱོགས་སུ་ལྟ་བའི་རྣམ་འགྱུར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བ་དང་། བདེ་ཐང་དང་བརྟན་བརླིང་གིས་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ཁ་ན་ཏའི་འཕེལ་རྒྱས་ནི་ཕན་ཚུན་གྱི་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། ཁ་ན་ཏའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མདུན་དུ་བསྐྱོད་དེ། ཀྲུང་གོའི་འཕེལ་རྒྱས་དང་ཕན་ཚུན་གྱི་གྲུབ་འབྲས། ཐུན་མོང་དར་རྒྱས་ལ་ལུགས་མཐུན་གྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་མཛའ་མཐུན་མཉམ་ལས་ལ་ཟབ་སྤེལ་གཏོང་བར་ཕན་པའི་བྱ་བ་མང་པོ་སྒྲུབ་པ་དང་། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་རྒྱལ་ཁབ་དང་མཉམ་དུ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་འགན་སྲུང་བྱ་འདོད་ཡོད་ཅེས་གསུངས།

ཁ་ཉིས་བསྟན་དོན།ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་བར་ཡང་བསྐྱར་འབྲེལ་བ་འཛུགས་འདོད་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་བར་གྱི་གླེང་མོལ་ལམ་སྲོལ་བཙུགས་ཏེ། ཉོ་ཚོང་དང་ཞིས་ལས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དངུལ་རྩ་ཉོ་ཚོང་གི་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།