ཟླ6པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ནས། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཐད་གནང་པའི་མཛུབ་སྟོན་དགོངས་དོན་གལ་ཆེན། གཉིས་བཀུར་བྱ་བའི་ཐད་གནང་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་དངོས་འབེབ་བྱེད་པ་དང་། དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་ལམ་ལུགས་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། གཞི་རིམ་ན་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པས་བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སློབ་གསོའི་སྐུལ་ཁྲིད་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། དཔལ་ཡོན་གསོ་སྐྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་འཛུགས་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་པ་དང་གཟི་བརྗིད་སྣོན་དགོས། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མིང་འདོགས་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལྟར། གཉིས་བཀུར་བྱ་བའི་སྤུས་ཚད་དང་ཆུ་ཚད་དངོས་གནས་མཐོར་འདེགས་བཏང་སྟེ། གཉིས་བཀུར་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དུས་རབས་གསར་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་ཟབ་མོ་མུ་མཐུད་དུ་བསྐྲུན་དགོས།
གྲོས་ཚོགས་ལས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཏང་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སྟེང་དངོས་གནས་གཅིག་གྱུར་བྱས་ཏེ། སྒྲིག་འགལ་བཟའ་བཏུང་གཅིག་བསྡུས་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་བླང་བྱ་དང་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་དང་པོའི་ཞིབ་ཕྲའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ཏེ། གྱོད་དོན་དཔྱད་གཞིར་འཛིན་པ་དང་། གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། གྱོད་དོན་ལ་བརྟེན་ནས་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ། གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་སྒྲིག་འགལ་བཟའ་བཏུང་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་བླང་བྱ་དེ་བྱེད་ཐབས་དངོས་སུ་འགྱུར་བར་བྱེད་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ན་ནིང་རང་ཞིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱེད་པའི་བྱ་བ་ནུས་ལྡན་སྒོས་སྦྲེལ་མཐུད་བྱས་པར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ཉམས་མྱོང་དང་བྱེད་ཐབས་བཟང་པོ་བསགས་ཡོད། ད་ལོ་ནི་བར་བརྒལ་དུས་སྐབས་ཀྱི་མཐར་མཇུག་གི་ལོ་ཡིན་པས། མུ་མཐུད་དུ་འབད་བརྩོན་བྱས་ནས་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། དག་ཐེར་དངོས་འབེབ་བཟང་བོ་བྱེད་པ། གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཅས་བྱས་ཏེ། ཅང་སུའུ་སོགས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་དང་རོགས་སྐྱོར་ཐོན་ལས་འཕེལ་རྒྱས། ཕྱིར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་ཐུབ་པའི་ཁག་ཐེག་བྱ་དགོས།
གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གནད་འགག་གི་རིམ་པར་ཇུས་འགོད་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞིའི་མ་དངུལ་གྱི་ཤེས་ལྡན་མི་སྣའི་ཁ་གཏད་རང་བཞིན་ཇེ་ཆེར་གཏོང་བ་དང་། སྦྲེལ་མཐུད་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི“མིག་མང་འགྲིག་སྐོར་གཅིག”གི་བསམ་བློ་ཇེ་བརྟན་དུ་གཏོང་བ། ཚན་རིག་ཅན་གྱི་རྐྱེན་སྲོལ་དང་རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅས་ལ་བརྟེན་ནས། ཁྲིམས་ལྟར་དོ་དམ་དང་ཞབས་ཞུའི་བྱ་བ་ཉིན་རྒྱུན་དང་རྒྱུན་ལྡན་དུ་བསྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་དངོས་གནས་མཐོར་འདེགས་སུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་མོ་དང་། བུན་གཏོང་འགྲེམས་སྤེལ་གྱི་ཞིབ་དཔྱད་འགག་སྒོ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བུན་ལོར་མ་དངུལ་གནད་ཐོག་ཏུ་སྤྱོད་པ། ནུས་ཤུགས་ཡོད་རྒུས་དངུལ་གཏོང་གཞི་ཁྱོན་ཇེ་བརྟན་དུ་གཏོང་བ་དང་དངུལ་གཏོང་གཞི་ཁྱོན་ནུས་ལྡན་སྒོས་རྒྱ་ཆེར་གཏོང་བ། ས་ཁུལ་གཙོ་བོའི་བུན་འཇལ་གནོན་ཤུགས་དངོས་གནས་ཇེ་ཡང་དུ་གཏོང་བ། ནོར་སྲིད་ཀྱི་མ་དངུལ་ལ་བདེ་འཇགས་འགན་སྲུང་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།