ད་ལོ་ནས་བཟུང་། ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་གྱིས་རང་ཉིད་ཀྱི་གནས་བབ་བཟང་པོ་དང་ཐོན་ཁུངས་ཀྱི་ལེགས་ཆ་དངོས་ནས་རྐང་ཚུགས་པར་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྟོབས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་བསྣན།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ། སྟོང་ཝ་ཆིག་འབུམ་གྱི་ཚ་འོད་གློག་འདོན་ས་ཚིགས་སྐྲུན་བཞིན་པའི་སྒང་ཡིན་ལ། སྔོན་དཔག་བྱས་ན་ཉིས་སྟོང་ཉེར་དྲུག་ལོར་བསྐྲུན་ནས་འགྲུབ་རྒྱུ་རེད། སྐབས་དེར་ཆ་སྙོམས་ཀྱི་ལོ་རེའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལས་བརྒལ་རྒྱུ་རེད། ད་ལོ་བོད་ལྗོངས་ཀྱིས་གོ་རིམ་ལྡན་པའི་ངང་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྣམ་པ་གསར་པའི་གློག་ཤུགས་མ་ལག་གི་དཔེ་སྟོན་ཁུལ་དང་དག་གཙང་སླར་སྐྱེས་ནུས་ཁུངས་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་བརྟན་བརླིང་གིས་འཛུགས་བཞིན་ཡོད། ད་ལྟ་བོད་ལྗོངས་གློག་ཤུགས་ཀྱི་སྤྱིའི་སྒྲིག་འཇུག་བྱས་ཚད་སྟོང་ཝ་བྱེ་བ་གཅིག་ལས་བརྒལ་ཞིང་། དེའི་ནང་དུ་དག་གཙང་ནུས་ཁུངས་སྒྲིག་ཆས་ཀྱིས96%ཟིན་ཡོད།
ཞིན་ཅང་དུ་ནུས་ཁུངས་གསར་པའི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་བཞིན་ཡོད། ཉེ་ལམ། རའོ་ཆང་རྫོང་གི་སྟོང་ཝ་ས་ཡ་བཞིའི་འོད་རྟེན་ལས་གཞིའི་ཤོང་ཚད་ཡོངས་གློག་དྲར་སྦྲེལ་ནས་བཏང་པར་མ་ཟད། ཆ་སྙོམས་ཀྱིས་ལོ་རེར་གློག་དྲར་དུས་ཚོད་རེར་སྟོང་ཝ་ཐེར་འབུམ་དྲུག་དང་དུང་ཕྱུར་དགུ་ཡས་མས་ཀྱི་ནུས་ཁུངས་གཙང་མ་སྐྱེལ་ཐུབ་པར་གྱུར་ཏེ། ཁྱིམ་ཚང་ས་ཡ་གཉིས་ཀྱི་ལོ་གཅིག་གི་གློག་གི་དགོས་མཁོ་བསྐངས། ད་ལོར། ཞིན་ཅང་གིས་བྱེ་ཐང་དང་གྲམ་ཐང་། ཐང་རྒོད་ས་ཁུལ་བཅས་སུ་རླུང་ནུས་གློག་འདོན་གྱི་ཉི་འོད་ནུས་པའི་རྟེན་གཞི་ཆེ་གྲས་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ནུས་ཁུངས་གསར་པའི་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན།
ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཅིང་། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩི”ཡི་བཟོ་སྐྲུན་ས་ཁུལ་དང་ས་ཚིགས་གཙོ་བོ་ཡིན་ཕྱིར། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་སྒྲིག་འཕྲུལ་གྱི་བསྡུར་གྲངས94%ལས་བརྒལ་ཡོད། ད་ལོར། མཚོ་སྔོན་གྱིས་བསྐྲུན་པའི་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་དེས་རྩིས་ཤུགས་དང་གློག་ཤུགས་ཀྱི་མཐུན་སྦྱོར་འཁོར་སྐྱོད་ཀྱི་ནུས་པ་ཆེན་པོ་མངོན་འགྱུར་བྱུང་། ད་སྔ་ལྟེ་གནས་འདིས་འགྲུལ་ཁྱིམ290ལ་གཞི་གྲངས་དབྱེ་ཞིབ་དང་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།
ད་ལོ་ནང་སོག་གིས་ཐོན་ལས་ཀྱི་སྒྲིག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། དེང་རབས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་དམའ་དབྱིངས་དཔལ་འབྱོར། སྐྱེ་དངོས་བཟོ་སྐྲུན་སོགས་ཐོན་ལས་ཀྱི་སྡེ་ཚོགས་ཆེན་པོ་བཅུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོད་རྒྱུད་ཀྱིITམཉེན་ཆས་སྒྲིག་ཆས་དང་། བར་རྒྱུད་ཀྱི་རྩིས་ཤུགས་དྲ་བ་དང་ལས་སྟེགས། སྨད་རྒྱུད་ཀྱི་བཀོལ་སྤྱོད་ལྗོངས་རྣམ་བཅས་ཀྱི་ཐོན་ལས་རྒྱུན་ཐག་ཡོངས་ཀྱི་འཕེལ་རྒྱས་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ཤུགས་ཀྱི་འགན་སྲུང་རྟེན་གཞི། གཞི་གྲངས་ལས་སྣོན་རྟེན་གཞི། དཔེ་དབྱིབས་ཆེན་པོའི་སྦྱོང་བརྡར་རྟེན་གཞི་བཅས་གཙོ་གནད་དུ་བཟུང་ནས་གང་མགྱོགས་སྒོས་འཛུགས་སྐྲུན་བྱས།
ད་ལོ་ཀུའེ་ཀྲིག་གིས་ནོར་སྲིད་ཚན་རྩལ་མ་དངུལ་གྱི80%ཡན་ནུས་ཁུངས་གསར་པའི་གློག་རྫས་དང་རྩིས་གྲངས་འགན་ལེན་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་སུ་གཏོང་རྒྱུ་རེད། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པའི་ཐོན་ལས་རིགས་ཀྱི་ཚན་རྩལ་ལས་གཞིའི80%ཡན་གྱི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་འགན་འཁུར་ནས། མ་དངུལ་དང་ལས་གཞི། འཇོན་མི་སོགས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁེ་ལས་སུ་གཅིག་བསྡུས་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྒུལ་ནུས་གསར་བ་བསྣན།