ཞབས་ཞུའི་ལས་རིགས་ནི་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་ལེགས་ཤིང་ཕན་འབྲས་ཆེ་བའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་དགོས་ཞེས་གསུངས། ད་ལོའི་ཚུན་ལ། རང་རྒྱལ་གྱིས་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱིས་སྒུལ་ནུས་གསར་པ་འདོན་པར་སྐུལ་འདེད་བཏང་བ་དང་། གསོན་ཤུགས་གསར་པ་ཕྱིར་བཏོན་ནས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པའི་སྒོ་ནས་བསྐངས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས།
འཁྲུག་ཆ་དོད་པའི་ཀྲུང་གོའི་ཁྲོམ་ར་ཆེན་མོར། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན། AIརྩིས་རྒྱག་ཐབས90%ཡན་གྱི་བཀོལ་སྤྱོད་ལེགས་འགྲུབ་བྱུང་བ་དང་། ལས་རིམ་ཐེངས་གཅིག་གིས་རྣོ་ལྕགས་འགྲུབ་པ་དེ་རྣོ་ལྕགས་བཟོ་གྲྭའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ARམིག་ཤེལ་གྱོན་རྗེས། གློག་ཤུགས་སྐོར་ཞིབ་དུས་ཚོད་སུམ་ཆའི་གཉིས་ཀྱིས་ཇེ་ཐུང་དུ་བཏང་ཡོད། ད་ལོའི་ཟླ4པའི་བར་དུ། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་དངུལ་གཏོང་བསྟུད་མར་ཟླ13རིང་གྲངས་གནས་གཉིས་ཡན་འཕར་བ་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁྱིམ་ནས་སྒོར་འབུད་མི་དགོས་པར་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་རིག་གནས་ཀྱི་མྱོང་ཚོར་རང་རྒྱུད་ལ་ལེན་པའི་ཞབས་ཞུའི་འཛད་སྤྱོད་དེ་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཞབས་ཞུ་སིལ་ཚོང་བྱེད་ཚད་ཐོག་མཐའ་བར་གསུམ་དུ་ཚོང་ཟོག་སིལ་ཚོང་བྱེད་ཚད་ལས་ཇེ་མགྱོགས་སུ་ཕྱིན་ཡོད།
སྤུས་ཚད་ལེགས་ཤིང་ཕན་འབྲས་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་རྒྱུར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་མཉམ་འདྲེས་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྣ་མང་ཅན་གྱི་འཛད་སྤྱོད་ལྗོངས་རྣམ་གསར་གཏོད་བྱས་ནས། ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་པ་དང་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་ལ་བརྟན་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་ཏུ་རྟོག་ཞིབ་གནང་སྐབས། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་དེ་ཁྱབ་ཁོངས་ཀྱི་འདེགས་སྐྱོར་ཐོན་ལས་སུ་བསྒྱུར་དགོས། གཞི་གྲངས་དཔལ་འབྱོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།
ད་ལོ་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་དོན་འཁྱོལ་བྱས།
ཚན་རྩལ་ཞབས་ཞུའི་ཁྱབ་ཁོངས་སུ་གཙོ་གནད་ལས་འགན10བཀོད་སྒྲིག་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས། བྱེད་ཐབས48སྤྱད་དེ་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་འདེགས་དམངས་ཕན་ལ་སྐུལ་འདེད་བཏང་། གློག་འཕྲིན་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་དེ། ཞབས་ཞུ་ལས་རིགས་ཀྱི་སྒོ་འབྱེད་ཇེ་མགྱོགས་སུ་བཏང་།
ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཀུའོ་ཁྲུན་ལི་ཡིས་བཤད་རྒྱུར། མིག་སྔར། ལག་རྩལ་གྱི་ནུས་འདོན་སྲིད་ཇུས་ཀྱི་ཁྲིད་སྟོན་སོགས་ཆ་རྐྱེན་མང་པོའི་སྐུལ་འདེད་འོག དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་རྩེར་སོན་བཟོ་སྐྲུན་ལས་རིགས་ཀྱི་མཐུན་སྦྱོར་རིམ་སྤོར་ཇེ་མགྱོགས་སུ་སོང་བ་དང་། ཐོན་ལས་དང་པོ་དང་གཉིས་པ་མཉམ་འགུལ་མཉམ་འདྲེས་སྔར་ལས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པའི་དབང་གིས། དེ་ནི་ང་ཚོ་དེང་སྐབས་ལ་སྔར་ལས་ཡིད་ཆེས་ཡོད་པའི་གདེང་ཤུགས་ཡིན་པར་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་དང་རྒྱ་སྐྱེད་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཀྱང་ཡིན་ཟེར།
ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཚུལ་བསྟུད་མར་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱིས་ཞབས་ཞུའི་ལས་རིགས་ཧྲིལ་པོའི་ཁྲོད་ཀྱི་ཟིན་ཚད30%ལས་བརྒལ་ནས། བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། ཡུན་རིང་མ་འགོར་བའི་སྔོན་ལ། རྒྱལ་ཡོངས་ཀྱི་བཟོ་ལས་ཇུས་འགོད་ཀྱི་དཔེ་དབྱིབས་གཞི་རྒྱ་ཆེན་པོས་ལས་མགོ་བརྩམས་པ་དང་། དེའི་ཁྲོད་ཁྱིམ་སྤྱོད་གློག་ཆས་དང་གྱོན་ཆས་སོགས་ཐོན་ལས་ཁྱབ་ཁོངས14ཚུད་ཡོད་ལ། བཟོ་ལས་ཇུས་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་རིག་ནུས་ཅན་མངོན་འགྱུར་བྱུང་། བཟོ་ལས་མཉམ་འབྲེལ་དྲ་རྒྱ་རུ་བཟོ་ལས་རིགས་ཆེན་པོ་ཞེ་གཅིག་གིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། སྦྲེལ་མཐུད་བྱས་པའི་བཟོ་ལས་སྒྲིག་ཆས་ཆ་ཚང་དུང་ཕྱུར1ལས་བརྒལ་ཏེ་བཟོ་སྐྲུན་ལས་རིགས་ལ་རོགས་འདེགས་བྱས། བཟོ་ལས་ཁེ་ལས་མང་པོ་ཞིག་བཟོ་སྐྲུན་ཁོ་ན་གཙོ་བོར་བྱེད་པ་ནས“བཟོ་སྐྲུན་དང་ཞབས་ཞུའི”ཕྱོགས་སུ་སྒྱུར་བཞིན་པ་དང་། ཐོན་རྫས་ཁོ་ན་བཙོང་བ་ནས་“ཐོན་རྫས་དང་ཞབས་ཞུའི”ཕྱོགས་སུ་སྒྱུར་བཞིན་ཡོད། ཞབས་ཞུའི་ལས་རིགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། དེང་རབས་ཀྱི་ཞིང་ལས་བཅས་གཅིག་ལ་གཅིག་བརྟེན་གྱིས“ལས་རིགས་བརྒལ་ནས་མཉམ་འདྲེས”བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་དེ། དཔལ་འབྱོར་འཕར་བའི་བར་སྟོང་གསར་པ་ཕྱེས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ལས་འཛད་སྤྱོད་མཁོ་འདོན་གསར་བ་མང་པོ་ཐོན་ནས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་དགོས་མཁོ་བསྐངས་ཡོད། ད་ལོའི་ཚུན་དུ། བཟའ་བཏུང་ཞག་སྡོད་དང་། ཁྱིམ་ལས་ཞབས་ཞུ། རྒན་གསོ་བུ་བཅོལ་སོགས་རྨང་གཞིའི་འཛད་སྤྱོད་དགོས་མཁོ་ཇེ་ཆེ་རུ་ཕྱིན་པ་དང་། རིག་གནས་རོལ་རྩེད་དང་ལུས་རྩལ། སྡོད་གནས་ཞབས་ཞུ་སོགས་ལེགས་བཅོས་ཅན་གྱི་འཛད་སྤྱོད་བསྟུད་མར་གོང་དུ་འཕེལ། “དྲ་སྦྲེལ་དང་སྨན་བཅོས་ཞབས་ཞུའི”གཞི་གྲངས་སློབ་གསོ་སོགས་བྱེད་སྟངས་གསར་བ་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་འབྲེལ་བའི་གློག་རྡུལ་ཚོང་དོན་དང་ཐད་གཏོང་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་བ་མགྱོགས་མྱུར་ངང་འཕེལ་བ་དང་ལག་རྩལ་གསར་བའི་བཀོལ་སྤྱོད་ལ་བརྟེན་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་སྒུལ་ནུས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད།
ད་ལྟ་ཞབས་ཞུའི་ལས་རིགས་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེན་པོ་ཨང་དང་པོ་རུ་གྱུར་ཡོད། ད་ལོའི་དུས་ཚིགས་དང་པོར། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་ཧྲིལ་པོ་འཕར་བར་བྱས་རྗེས་འཇོག་ཚད59.1%ཟིན་ཡོད་ཅིང་། ཟིན་ཚད་དེ་ནི་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས1.5ཡིས་ཇེ་མཐོར་ཕྱིན་ཡོད། གྲངས་ཚད་དང་རྒྱུ་སྤུས་མཉམ་འཕར་གྱི་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་སྤྱིའི་ཞབས་ཞུའི་ཕྲེང་འབྲེལ་ཁྲོད་ཀྱི་འགྲན་རྩོད་ནུས་པ་ཉིན་རེར་ཇེ་ཆེར་སོང་ཡོད། 2024ལོར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཐེངས་དང་པོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལས་བརྒལ་ཞིང་། ད་ལོའི་ཚུན་དུ། རང་རྒྱལ་གྱིས་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་སྔར་ལས་རྒྱ་ཆེར་བཏང་ནས་ཞབས་ཞུའི་ཚོང་དོན་གཞི་ཁྱོན་ཇེ་ཆེར་འགྲོ་བར་སྐུལ་འདེད་བཏང་། ཟླ་དང་པོ་ནས་བཞི་པའི་བར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ན་ནིང་གི་དུས་མཉམ་ལས8.2%འཕར་བའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་ཡོད།
སྲིད་ཇུས་རབ་དང་རིམ་པར་ཤུགས་སྣོན་དང་ཕན་ནུས་མངོན་གསལ་ཐོན་པ་དང་བསྟུན་ནས། ཞབས་ཞུ་གསར་གཏོད་ལ་ཤུགས་བསྣན་པ་དང་། ཞབས་ཞུའི་མཁོ་སྤྲོད་སྔར་ལས་སྣ་མང་ཅན་དུ་གྱུར་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་སྔར་ལས་འདེགས་སྐྱོར་ནུས་པ་གལ་ཆེན་ཐོན་ནས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྩོལ་ངེས་ཡིན་ནོ།།