ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་འཕྲལ་མྱུར་གསོ་རིག་རོགས་སྐྱོབ་རྟེན་གཞིའི་ལས་གཞི་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།
2025.06.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས5ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་འཕྲལ་མྱུར་གསོ་རིག་རོགས་སྐྱོབ་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ། རྟོག་ཞིབ་ཚན་ཆུང་གིས་ལས་གཞི་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་གྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། བཟོ་སྐྲུན་གྱི་གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་དང་། ཕྱི་ངོས་ཀྱི་མཛེས་བཟོ། ཆུ་གློག་འཐེན་པ། རིག་ནུས་ཅན་གྱི་ཕྱོགས་བསྡུས་སྐུད་པ་འཐེན་པ། ལྕགས་ལམ་ཟོང་འགྲུལ། གཙང་འགྱུར་བཟོ་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་དང་གནས་པའི་དཀའ་ངལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད་ཡུལ་དངོས་སུ་མཐུན་སྦྱོར་བྱས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མིག་སྔར་ལས་གཞི་གཉིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་སྤྱོད་འགོ་ཚུགས་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། གཅིག་གྱུར་འཆར་འགོད་བཀོད་གཏོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།    ལས་རིམ་ཇེ་ལེགས་སུ་གཏོང་བ་དང་ལས་ཡུན་དམ་འཛིན་བྱེད་པ། ལས་ཀའི་དཔུང་ཁག་དང་ལས་ཀའི་དུས་ཚོད།    རྒྱུ་ཆ་དང་སྒྲིག་ཆས་ཉོ་སྒྲུབ་འདོན་སྤྲོད་བྱེད་པ།    ཁག་བགོས་དཔུང་ཁག་གྲབས་གསོག་དང་མ་དངུལ་གཏོང་སྤྲོད་སོགས་གནད་འགག་གི་རིམ་པ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། གཏན་འཁེལ་བྱས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་པར་ཁག་ཐེག་བྱེད་དགོས། བདེ་འཇགས་དང་ཐོན་སྐྱེད་འགག་སྒོ་བརྟན་པོ་སྲུང་པ་དང་།    བདེ་འཇགས་དང་ཐོན་སྐྱེད་ཀྱི་འགན་འཁྲི་དམ་ཟབ་བྱེད་པ།    ཨར་ལས་ཀྱི་འགུལ་རྣམ་ལྟ་ཞིབ་ཆེ་རུ་གཏོང་བ། བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།    ཁྲིམས་དང་སྒྲིག་ལམ། སྤྱོད་གཙང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།    ཁྲིམས་ལྟར་འདོན་སྤྲོད་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་སྒྲིག་འགལ་གཏན་འགོག་བྱས་ནས། ལས་གཞི་འཛུགས་སྐྲུན་དང་དཔུང་ཁག་འཛུགས་སྐྲུན་གཉིས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ལས་གཞི་འཁོར་སྐྱོད་སྔོན་གྱི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་ནས།“མིག་མང་འགྲིག་སྐོར་གཅིག”གི་བསམ་གཞིགས་བརྟན་པོ་བཙུགས་ཏེ།   ལས་གཞི་འཁོར་སྐྱོད་འཆར་འགོད་ཡག་པོ་བྱས་ནས་འགན་ནུས་ཀྱི་དབྱེ་འབྱེད་གསལ་བོ་བྱེད་པ་དང་། ཧུར་ཐག་གིས་ལས་གཞི་འཁོར་སྐྱོད་ཀྱི་འབྲེལ་ཡོད་མ་དངུལ་འགན་སྲུང་དང་འབྲེལ་མཐུད་དོན་འཁྱོལ་བྱས་ཏེ།    སྒྲིག་ཁོངས་ཕྱི་ནང་གི་མི་སྣ་གདན་ཞུ་དང་ལས་ཞུགས་སྔོན་གྱི་སྦྱོང་བརྡར་སོགས་ཀྱི་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ།  དངུལ་གཏོང་གཉེར་སྐྱོང་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། སྨན་ཁང་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ།    མུ་མཐུད་དུ་རིག་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། གསར་སྐྲུན་འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་མཉམ་འཛུགས་ལ་སྐུལ་འདེད་གཏོང་བ་དང་།    སྤུས་ལེགས་ཀྱི་ཐོན་ཁུངས་ལ་སྐུལ་འདེད་གཏོང་བ།  ཁྱབ་འགྱེད་སྣེ་ཁྲིད་བྱས་ཏེ་ས་ཁོངས་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།