ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་མེན་ཨང་ལའེ་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ལིས་ཆང་དང་མེན་ཨང་ལའེ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ཟླ6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་མེན་ཨང་ལའེ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ཏེ་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བའི་རིང་ལ། ཀྲུང་གོ་དང་འབར་མའི་སྤུན་ཟླའི་བརྩེ་བ་ཟབ་མོ་དེ་སྐྱིད་སྡུག་མཉམ་མྱོང་གི་ཁྲོད་དུ་ཇེ་བརྟན་ནས་ཇེ་བརྟན་དུ་གྱུར་ཡོད། ཕྱོགས་གཉིས་ཀས་མཉམ་དུ་དར་སྤེལ་བཏང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་སྲུང་འཛིན་བྱས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱས་ལ། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས། རྒྱལ་ཁབ་བར་དུ་མཛའ་མཐུན་འགྲོ་འོང་གི་དཔེ་མཚོན་བཙུགས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོའི་ཟླ5པར་ངེད་གཉིས་ཀྱིས་ཨུ་རུ་སུ་ནས་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་འབར་མའི་འབྲེལ་བ་གོང་དུ་སྤེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། འབར་མ་དང་མཉམ་དུ་ལག་རྡང་སྦྲེལ་ནས་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བ་གོ་སྐབས་སུ་བརྩིས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཐད་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་མཉམ་དུ་དོན་འཁྱོལ་ལེགས་པོ་བྱས་ཏེ། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་འཛུགས་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་གྱིས་བསྟན།
མེན་ཨང་ལའེ་ཡིས་བསྟན་དོན། སྐུ་ཞབས་ཀྲུའུ་ཞིས2020ལོར་འབར་མར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་མཛད་དེ། འབར་མ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པའི་འགོ་བརྩམས། ཉེ་སྔོན་འབར་མར་ས་ཡོམ་དྲག་པོ་བྱུང་བར། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཐོག་ཏུ་མི་ཆོས་ཀྱི་རོགས་སྐྱོར་བྱས་ཤིང་། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་རོགས་རེས་ལྟ་སྐྱོང་གི་བརྩེ་བ་ཟབ་མོ་ལེགས་པོར་མཚོན་ཡོད། ང་དང་སྐུ་ཞབས་ཀྲུའུ་ཞིས་མོ་སི་ཁོ་རུ་གྲུབ་འབྲས་ལྡན་པའི་ཐུག་འཕྲད་བྱས་ཏེ། འབར་མ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོས་འབར་མའི་ཞི་བདེ་བརྟན་ལྷིང་དང་། མི་རིགས་ཞི་མཐུན། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྔར་ལས་སྟོབས་ལྡན་དང་སྲ་བརྟན། གཉིས་ཕན་བཅས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་སྒུག་བྱེད་བཞིན་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་མེན་ཨང་ལའེ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་། ལིས་ཆང་གིས་འབྲེལ་བ་བཙུགས་ནས་ལོ་ངོ75འཁོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་ཐད་གོང་འཕེལ་ཆེན་པོ་བྱུང་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་འཛུགས་པར་སྐུལ་འདེད་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་བསྟན། མེན་ཨང་ལའེ་ཡིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་མཛུབ་ཁྲིད་འོག འབར་མ་དང་ཀྲུང་གོའི་འབྲེལ་བ་བརྟན་བརླིང་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད། འབར་མའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ནས་འབར་མ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།