ཉེ་ལམ། ཞིང་ཆེན་སྲིད་གྲོས་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འབྱུང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ། མི་ཚོགས་སྔར་ལས་མང་པོའི་ལས་ཞུགས་ལ་སྐུལ་ཁྲིད་བཅས་བྱ་རྒྱུར་དམིགས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གཞི་རིམ་གྱི་ལས་ཡུལ་དང་པོ་དང་ལས་རིགས་སྡེ་ཁག་ཏུ་བསྐྱོད་དེ། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་ལ་ལྟ་ཞིབ་བྱས་ནས། མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲུལ་རྒྱུན་དང་ཚོང་གཉེར་ཡོང་འབབ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། བསམ་འཆར་དང་གྲོས་གཞིར་ཉན།
རྟོག་ཞིབ་ཚན་ཆུང་གིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་བྱ་བའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་ཐོན་རྫས་སྤུས་ལེགས་བསྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་རྒྱུ་སྤུས་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་ཕྱོགས་མང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་ཡོང་འབབ་འཕར་སྣོན་བཅས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་བཏང་སྟེ། མང་ཚོགས་སྔར་ལས་མང་པོར་ཡུལ་སྐོར་དང་ལག་རྩལ། ཞབས་ཞུ་བཅས་ཀྱི་ཡོང་འབབ་ལེན་ཐུབ་པར་བྱས། འགོ་རྩོམ་ས་མཐོན་པོས་འཆར་འགོད་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་བསྡུས་བྱས་ནས་འཕེལ་རྒྱས་ཀྱི་གཅིག་བསྡུས་སྟོབས་ཤུགས་ཆགས་སུ་འཇུག་དགོས། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་སྲིད་གཞུང་དང་ཁྲོམ་ར། འདོན་སྤྲོད་དང་དགོས་མཁོ། སྲུང་སྐྱོབ་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཏང་སྲིད་ཀྱིས་མཉམ་འཛིན་མཉམ་སྒྲུབ་དང་སྤྱི་ཚོགས་རྒྱ་ཁྱབ་ངང་ཟབ་ཞུགས། མང་ཚོགས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། གཙོ་གནད་འབུར་དུ་བཏོད་དེ་རང་ཡུལ་གྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་ནང་དོན་དང་རིན་ཐང་སྔོག་འདོན་ཟབ་མོ་བྱས་ཏེ། ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་ཐོན་རྫས། ཁམས་གསོའི་ཡུལ་སྐོར་སོགས་ཕན་ནུས་ལྡན་པར་མཉམ་འདྲེས་ཡོང་བར་བྱས་ནས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་གྱི་ཟོང་རྟགས་སྐོར་ཞིག་བསྐྲུན་དགོས།
ཤ་བོ་རིན་མཚོས་བསྒྱུར།