བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས།
2025.06.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས8ཉིན། བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོར་ཞུགས་འབུལ་བྱས།   བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞཱང་། ལིས་ཞི་སོགས་པཱ་པའོ་རི་བོར་ཕེབས་ནས་ཞལ་གྱེས་ཞུས། འདི་ནི་ཞི་ཅིན་ཕིང་གིས་བློ་མཐུན་ཞིས་ཆི་ལིའང་གི་གཉེན་ཉེར་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུ་བའི་རྣམ་པ་རེད། 

ཚེས8ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཉམས་སད་ཡུན་རིང་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་དམག་དོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་དུ་བྱུང་བའི་འགོ་ཁྲིད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཟུར་པ་བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་པེ་ཅིང་གི་པཱ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོར་ཞུགས་འབུལ་བྱས།

བློ་མཐུན་ཞུས་ཆི་ལིའང་ནི་སྙུང་གཞིའི་དབང་གིས2025ལོའི་ཟླ6པའི་ཚེས2ཉིན་གྱི་དུས་ཚོད12དང་སྐར་མ12ཐོག་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ་དོན་ལྔ་རེད།

བློ་མཐུན་ཞུས་ཆི་ལིའང་ལ་སྙུང་གཞི་ལྕི་མོ་ཕོག་པའི་རིང་དང་ཁོང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞཱང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་ཕེབས་གནང་བའམ་ཡང་ན་བྱེད་ཐབས་མི་འདྲ་བ་བརྒྱུད་ནས་བློ་མཐུན་ཞུས་ཆི་ལིའང་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་འཚམས་འདྲི་ཞུས།

ཚེས8ཉིན་གྱི་སྔ་དྲོར། པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་དུ་མྱ་ངན་ཞུ་བའི་རོལ་དབྱངས་དམའ་མོར་གྲགས་བཞིན་ཡོད། ཚོགས་ཆེན་དཀྱིལ་དུ་སྐྱོ་གདུང་དྲག་པོས་བློ་མཐུན་ཞུས་ཆི་ལིའང་ལ་མྱ་ངན་ཞུ་ཞེས་བྲིས་པའི་འཕྲེད་བྱང་བཀལ་ཡོད་ཅིང་། འཕྲེད་བྱང་འོག་ཏུ་བློ་མཐུན་ཞུས་ཆི་ལིའང་གི་སྐུ་པར་བཞག་ཡོད། བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་མེ་ཏོག་སོས་མ་དང་ཤུག་པའི་གསེབ་ཏུ་བདེ་བར་བཞུགས་ཤིང་། སྐུ་གདུང་སྟེང་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།

སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡས་མས་སུ། ཞི་ཅིན་ཕིང་དང་། ལིས་ཆང་།  ཀྲའོ་ལི་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི།  ཏེན་ཞུའེ་ཞཱང་། ལིས་ཞི་སོགས་མྱ་ངན་ཞུ་བའི་རོལ་དབྱངས་ཁྲོད་དལ་གྱིས་བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་མདུན་དུ་ཕེབས་ནས་གུས་སྟབས་ཀྱིས་ལངས་ནས་ངག་བསྡམས་མྱ་ངན་ཞུས་པ་དང་། བློ་མཐུན་ཞུས་ཆི་ལིའང་གི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་ཞུས་རྗེས་ཁོང་གི་གཉེན་ཉེ་རེ་རེར་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།

ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་ཞལ་གྱེས་ཞུ་རུ་ཕེབས་པའམ་རྣམ་པ་མི་འདྲ་བ་བརྒྱུད་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བློ་མཐུན་ཞུས་ཆི་ལིའང་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་བཟང་པོ་དང་ཕ་ཡུལ་གྱི་འཐུས་མི་སོགས་ཀྱང་ཞལ་གྱེས་ཞུ་རུ་ཕེབས་ཡོད།