ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《དམངས་འཚོར་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཧུར་ཐག་གིས་ཐག་གཅོད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས།
2025.06.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《དམངས་འཚོར་སྔར་ལས་འགན་སྲུང་དང་ལེགས་བཅོས་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཧུར་ཐག་གིས་ཐག་གཅོད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་ནས།  དམངས་འཚོ་འཛུགས་སྐྱོང་སྔར་ལས་དྲང་གཞག་དང་། དོ་སྙོམས། ཀུན་ཕན། ཁྱབ་ནུས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་།

བསམ་འཆར་ལས་ནན་གྱིས་བསྟན་དོན།   སྤྱི་ཚོགས་འགན་སྲུང་གི་དྲང་གཞག་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་གྱིས་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་ཐོན་པའི་གཙོ་གཞིའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་དུ་ཞུགས་པའི་བསྡུར་ཚད་བརྟན་ཞིང་གོ་རིམ་ལྡན་པར་མཐོ་རུ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་སོགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས། ཡོང་འབབ་དམའ་བའི་མི་འབོར་ངོས་འཛིན་བྱེད་ཐབས་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཐབས་གཏན་འབེབས་བྱ་དགོས།

བསམ་འཆར་ལས་གསལ་བོར་བསྟན་དོན།  གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་མཐོ་རུ་གཏོང་དགོས། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་འཕར་འབོར་ཞབས་ཞུའི་དོན་དག་དེ་དུས་དང་བསྟུན་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་རུ་འགོད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་རིམ་བཞིན་རྒྱུན་སྡོད་བྱེད་སར་འདོན་སྤྲོད་བྱ་རྒྱུར་བསྒྱུར་དགོས།

བསམ་འཆར་ལས་ནན་གྱིས་བསྟན་དོན།  རྨང་གཞིའི་དམངས་འཚོའི་ཞབས་ཞུའི་ཀུན་ཕན་རང་བཞིན་ཆེ་རུ་བསྐྱེད་དགོས། རྨང་གཞིའི་སློབ་གསོ་རྒྱ་སྐྱེད་སྤུས་འདེགས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས།  ལོ5ཡས་མས་ཀྱི་དུས་ཚོད་སྤྱད་དེ་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་རིམ་བཞིན་ཡོངས་སུ་ཁྱབ་པར་བྱ་དགོས། སྤུས་ལེགས་མཐོ་རིམ་སློབ་འབྲིང་དཀྱུས་མ་ཆིག་སྟོང་ཡན་གསར་སྐྲུན་རྒྱས་སྐྲུན་བྱས་ནས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་གཙོ་གནད་དུ་བཟུང་ནས་ལེགས་བཅོས་བྱ་དགོས། མཐོ་རིམ་སློབ་གསོའི་སྤུས་འདེགས་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་དོན་ལག་བསྟར་བྱ་དགོས། “རྒན་པ་གཅིག་དང་བྱིས་པ་གཅིག་”གི་ཀུན་ཕན་ཞབས་ཞུ་ཤུགས་ཆེན་པོས་གོང་དུ་སྤེལ་དགོས།

བསམ་འཆར་ལས་སྣ་མང་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། སྡེ་ཁུལ་གནས་ཡུལ་གཙོ་བོར་བྱས་ཏེ། དམངས་ཕན་ཞབས་ཞུའི་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་སྒྲིག་བཀོད་མཉམ་འདུས་ཀྱིས་བེད་སྤྱོད་བྱེད་དགོས། ཆ་རྐྱེན་འཛོམས་པའི་རྟེན་མཛོད་ཁང་དང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་སོགས་ཀྱིས་མཚན་མོར་སྒོ་འབྱེད་པར་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་ཕན་བདེ། ཁྲལ་བསྡུ་སོགས་ཀྱི་ཐད་ནས་ཁྱིམ་ཚང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་བཏོན་ཡོད།