རང་ཞིང་གིས་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཀྱི་རྒྱལ་ཁ་ཕྱོགས་ཡོངས་ནས་བརྩོན་ལེན་བྱེད་པའི་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་བསྡུས།
2025.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས9ཉིན། རང་ཞིང་གིས་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཀྱི་རྒྱལ་ཁ་ཕྱོགས་ཡོངས་ནས་བརྩོན་ལེན་བྱེད་པའི་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། བྱང་གསུམ་བཟོ་སྐྲུན་རྨ་ཆུའི་དཀྱོགས་ཁུལ་གྱི་མཁྲེགས་གཏོར་དམག་འཐབ་ཀྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་དང་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ལ་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། 2023ལོར་མཁྲེགས་གཏོར་དམག་འཐབ་འགོ་བརྩམས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་བྱང་གསུམ་བཟོ་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གཙོ་བོའི་ལས་འགོ་བཟང་བོ་བརྩམས་པ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། དུས་ཚོད་རེའུ་མིག་དང་ལམ་ཐིག་པར་རིས་ལྟར། ཕྱོགས་ཡོངས་ནས་འབད་འཐབ་བྱས་ཏེ། དུས་བཀག་ལྟར་བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པའི་འཆར་འགོད་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་གསར་པ་འཇོག་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་གཏིང་ཟབ་བྱེད་རྒྱུ་དེ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ་བཅས་དང་འབྲེལ་བ་ཟབ་མོ་ཡོད་པས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ། ཁུལ་ཁོངས་མཉམ་འགོག་མཉམ་བཅོས་བྱེད་པར་ཤུགས་སྣོན་པ། ལུགས་དང་མཐུན་པའི་སྒོ་ནས་བྱེ་བཅོས་མ་དཔེ་བཀོལ་སྤྱོད་བྱས་ནས། གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱེད་དགོས། གཙོ་གནད་འབུར་ཐོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཚྭ་འདམ་གཞོང་བྱེ་ཐང་མཐའ་འགྲམ་གྱི་འགོག་རྡུང་དང་གུང་ཧོ་གཤོང་སའི་བྱེ་ས་མེད་པར་བྱེད་པ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་བྱེ་ས་ཕྱོགས་བསྡུས་བཅོས་སྐྱོང་སོགས་མཚོན་རྟགས་རང་བཞིན་ལྡན་པའི་བྱ་བ་བཟང་བོར་སྒྲུབ་དགོས། ལྗང་གསུམ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་སྐྲུན་རྩྭ་འདེབས་དང་བྱེ་བཅོས་བྱེད་པ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཐོན་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། བྱེ་བཅོས་ཀྱི་གྲུབ་འབྲས་ལ་སྐོར་ཞིབ་བདག་སྐྱོང་བྱས་ཏེ། བྱང་གསུམ་བཟོ་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྣམ་གྲངས་འཛུགས་སྒོ་དང་ཇུས་འགོད་འགག་སྒོ། འཛུགས་སྐྲུན་འགག་སྒོ ལྟ་ཞིབ་རྩིས་ལེན་གྱི་འགག་སྒོ་བརྟན་སྲུང་བྱས་ནས། ལས་གཞི་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོའི་གདུབ་ཟུམ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་གཏོང་འཇོག་དང་ལག་རྩལ་གྱི་འདེགས་སྐྱོར་འགན་སྲུང་ལ་ཤུགས་སྣོན་པ། སྣ་མང་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཐད་སྒུལ་ནུས་གསར་བ་སྣོན་དགོས།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། གྲོས་ཚོགས་སྔོན་དུ་ཚོགས་ཞུགས་བློ་མཐུན་ཚོ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སོང་ནས་ཡུལ་དངོས་ལྟ་སྦྱོང་བྱས།

རིན་ཆེན་མཚོས་བསྒྱུར།