ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་སྲིད་འཛིན་ལིས་ཙའེ་མེན་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ལིས་ཙའེ་མེན་སྲིད་འཛིན་ལ་བདམས་ཐོན་བྱུང་བར་ཡང་བསྐྱར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་ནི་ཁ་འབྲལ་ཐབས་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། འབྲེལ་བ་བཙུགས་པའི་ལོ་33རིང་། རྒྱལ་ཁབ་གཉི་གས་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་ལས་བརྒལ་ནས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་འཕེལ་རྒྱས་སུ་ཕྱིན། སྐྱོན་བྲལ་བརྟན་ལྷིང་དང་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བའི་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ལ། རྒྱལ་ཁབ་གཉི་གའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་གོང་འཕེལ་ཐད་ཕན་ནུས་གལ་ཆེན་ལྡན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉི་གས་འབྲེལ་བ་བཙུགས་པའི་ཐོག་མའི་སེམས་འདུན་བརྟན་སྲུང་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ཁ་ཕྱོགས་ཇེ་བརྟན། གཉིས་ཕན་མཉམ་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་བདེ་མང་པོ་བསྐྲུན་པར་མ་ཟད། ཟང་ཟིང་རྙོག་འཛིང་གི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གཏན་འཁེལ་རང་བཞིན་དེ་བས་མང་བོ་བསྩལ་ཡོད་པས། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་བརྗེ་རེས་ལ་ཤུགས་བསྣན་ནས་འཐབ་ཇུས་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱི་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་དང་ས་ཁུལ་གྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་གེགས་མེད་ཡོང་བར་ཁག་ཐེག་བྱེད་དགོས། མི་གཞུང་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་། དམངས་འདོད་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཧན་གོའི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་སུ་འཇགས་པར་བྱེད་དགོས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་བརྟན་པོར་བསྲུང་བ་དང་། ཀྲུང་གོ་དང་ཧན་གོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་གོང་དུ་འཕེལ་བར་ཁག་ཐེག་བྱེད་དགོས།
ལིས་ཙའེ་མེན་གྱིས་དེ་ལ་འཐད་པ་ཡོད་ཚུལ་བསྟན་པ་དང་། ཧན་གོ་དང་ཀྲུང་གོའི་བར་ཐག་ཉེ་ལ་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་། དཔལ་འབྱོར་ཚོང་དོན་དང་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཆགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་འགོ་ཁྲིད་འོག ཀྲུང་གོས་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་པས། མི་རྣམས་ཀྱིས་རྗེས་སུ་ཡི་རངས་བྱེད་བཞིན་ཡོད། ངས་ཧན་གོ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་འདང་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཧན་གོ་དང་ཀྲུང་གོའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཟེར།