ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2025.06.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཧོང་དབྱི་པེན་གདན་འདྲེན་ཞུས་ནས་ཟུར་ཁྲིད་སྙན་ཞུ་ཕུལ་བ་དང་། “སྲིད་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་དམིགས་ཡུལ་འདུ་ཤེས་ཇེ་བརྟན་དུ་བཏང་ནས་སྤྱོད་ཚུལ་བསྒྱུར་བ་དང་འགན་འཁྲི་སྒྲུབ་པ། དམངས་ལ་བདེ་སྐྱིད་བསྐྲུན་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བརྗེ་རེས་དང་བགྲོ་གླེང་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིས་ཅིན་པེན་དང་། ཚན་གཙོ་གཞོན་པ་ཡུས་ཝེ་ཕིང་། ཁོངས་མི་རྣམས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།  ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ལིས་མེན། ལིའུ་མེ་ཕིན། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗེ་རེས་དང་གྲོས་བསྡུར་བྱས་པ་དང་། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཚོགས་འདུའི་སྟེང་ཧོང་དབྱི་པེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱས་པ་དང་།  ཚན་རིག་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན།  མྱོང་ཚོར་ཟབ་མོ་སོགས་གཙོར་བཟུང་ནས་མ་ལག་ལྡན་པའི་ཟུར་ཁྲིད་བྱས།  ཚོགས་ཞུགས་བློ་མཐུན་ཚོས་བལྟས་ན། ཟུར་ཁྲིད་སྙན་ཞུའི་བརྗོད་བྱ་གསལ་ཞིང་ནང་དོན་ཞིབ་ཅིང་ཕྲ་བ། དབང་ཟིལ་ཆེ་བ། བགྲོ་གླེང་དེས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་མི་དང་དོན་དག་མཐོང་བ། ནད་སེལ་ལུས་བདེ་ཡོང་བའི་ཕན་འབྲས་ལྡན་པའི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཞིག་དང་། ཉེན་བརྡ་སློབ་གསོའི་སློབ་ཚན་ཞིག ལག་ལེན་མཛུབ་སྟོན་གྱི་སློབ་ཚན་ཞིག་བཅས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི། གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་རང་མདངས་མངོན་གསལ་ཞིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཏང་ཡོན་ལས་བྱེད་པའི་ལས་འགན་རིན་ཐང་བཅས་དང་འབྲེལ་བ་ཡོད།  ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་མིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་དང་སྐུལ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་དང་དམིགས་ཡུལ་འདུ་ཤེས་ཀྱི་བསམ་བློའི་རང་རྟོགས།  ཆབ་སྲིད་རང་རྟོགས་དང་བྱ་སྤྱོད་རང་རྟོགས་བཅས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་མཛུབ་སྟོན་དང་ལྟ་སྐུལ་མཛུབ་སྟོན་འོག སློབ་སྦྱོང་དང་ཞིབ་བཤེར་བཅོས་བསྒྱུར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྲིད་འབྲས་ཀྱི་ལྟ་བར་གནས་ནོར་བྱུང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་མཐོང་ཆུང་བྱེད་པ་དང་གནོད་འཚེ་གཏོང་བ་སོགས་བསམ་བློའི་འབྱུང་རྩའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་ལས་སྒྲུབ་ལས་གཏོད་བཅས་ཀྱི་སྟེང་ནས་ཏན་ཏིག་གིས་མཚོན་དགོས། སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་དང་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སེམས་སུ་གོམས་པ་དང་བྱ་སྤྱོད་དུ་བསྒྱུར་ནས། དཀའ་ཚེགས་ཆེ་བའི་ས་ཁུལ་གྱི“དམིགས་བསལ་སྨྲ་བ”དང“ཁ་གསབ་སེམས་ཁམས”མཐའ་གཅིག་ཏུ་མེད་པར་བཟོས་ཏེ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། རང་འགུལ་གྱིས་འགན་འཁུར་ནས་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་དེ་རི་ལྗང་ཆུ་དྭངས་ཀྱི་ཁྲོད་དུ་བྲིས་ནས་མི་དམངས་ཀྱི་སེམས་སུ་སིམ་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།  ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


གཡང་འབུམ་རྒྱལ་གྱིས་བསྒྱུར།