རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་། 
2025.06.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས11ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་སོ་སོས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས》ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག་དང་ལས་ཁུངས་ཞེ་གཉིས་ཀྱི་འགན་འཁུར་བ49ཡིས་ཁྲིམས་ལྟར་རྩ་ཁྲིམས་དམ་བཅའ་བཞག

 ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེན་མོ་ཝུའུ་ཀྲིན་ལུང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།  ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས། དམ་བཅའ་འཇོག་མཁན་གྱིས་ལག་པས་རྩ་ཁྲིམས་ཀྱི་ལག་དེབ་ལ་རེག་ནས། དམ་ཚིག་གྱེར་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གྲལ་སྒྲིག་ནས་ཡར་ལངས་ཤིང་། དེའི་རྗེས་སུ་འབྲངས་ནས་དམ་ཚིག་གྱེར་འདོན་བྱས།

དམ་བཅའ་བཞག་རྗེས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། གཟབ་ནན་གྱི་དམ་ཚིག་སེམས་ལ་བརྟན་པོར་ངེས་པ་དང་ལག་བསྟར་ནན་མོ་བྱེད་དགོས། བློ་དཀར་སེམས་དཀར་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། ལག་བསྟར་མཁན་བཟང་པོ་ཞིག་དང་། འགག་སྒྲོལ་དཀའ་སེལ་གྱི་འགུལ་སྐྱོད་མཁན།  བྱ་བ་སྒྲུབ་མཁས་ཀྱི་དངོས་སྒྲུབ་མཁན་བཅས་བྱེད་དགོས། ཁྲིམས་སྐྱོང་ནན་མོ་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་དང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱེད་དགོས། རང་གཅུན་ནན་མོ་བྱས་ཏེ། སྤྱོད་ཚུལ་ལེགས་བསྒྱུར་དང་ཏང་གཤིས་སྦྱོང་བརྡར་བྱེད་དགོས།

ལིས་ཆང་གིས་བསྟན་དོན། མིག་སྔར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་ལ། ཕྱི་རོལ་ཁོར་ཡུག་ཀྱང་དེ་བས་རྙོག་འཛིང་ཆེ་ལ་ཛ་དྲག་རེད།  ཉེན་ཁར་མི་འཛེམ་པ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ།  འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་བློ་སྟོབས་ཆེ་རུ་གཏོང་དགོས་ལ། དཀའ་ངལ་ལ་འཕྲད་ཀྱང་མདུན་དུ་སྐྱོད་པ་དང་། དཀའ་བ་གདོང་གིས་བསུ་བའི་བློ་སྟོབས་སྦྱོང་བརྡར་བྱེད་དགོས་ཤིང་། འགལ་ཟླ་དང་གནད་དོན་ལ་ཐད་ཀར་གདོང་གཏད་དེ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། འགྱུར་ལྡོག་ལ་གདོང་གཏོད་པ་དང་རྣམ་པ་གསར་གཏོད་ཀྱི་ནུས་པ་སྦྱོང་བརྡར་བྱས་ནས། གནས་བབ་སྔོན་དཔག་དང་གནད་ཁེལ་ཇུས་འདོན་གྱི་ནུས་པ་ཆེ་རུ་གཏོང་དགོས་ལ། བསམ་གཞིགས་ཀྱི་བཀག་རྒྱ་ལས་བརྒལ་བ་དང་། ནུས་ལྡན་གྱི་བྱ་བའི་བྱེད་ཐབས་དང་བརྟེན་ས་ཇུས་འགོད་བྱེད་དགོས། དོན་འཁྱོལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ནང་མཁོ་རྒྱ་བསྐྱེད་དང་འཛད་སྤྱོད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོར་གཞིགས་ནས།  སྡེ་ཁག་བར་གྱི་གཞོགས་འདེགས་ལ་ཤུགས་སྣོན་དང་།  མཐུན་སྦྱོར་ཤུགས་འདོན་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས་ལ། སྲིད་ཇུས་ཀྱི་མཉམ་ཤུགས་དང་བྱ་བའི་མཉམ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་དང་དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་མཛད་སྒོར་ཞུགས།