ཧན་ཀྲིན་གྱིས་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།
2025.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེའི་དུས་ཚོད་ཟླ6ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏི་ལི་རུ་སི་ཕན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར། དབུ་བཞུགས་སྐུ་ཞབས་ཀྱིས་ལོ་གསུམ་ནང་ཀྲུང་གོར་འཚམས་འདྲི་ཐེངས་གསུམ་པ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཙུང་ལི་ལིས་ཆང་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ལ། ཕྱོགས་གཉིས་ཀྱིས་སྒོ་འབྱེད་གཏིང་ཟབ་བྱས་ཏེ་གཉིས་ཕན་མཉམ་ལས་དང་། རང་མོས་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་ཚུལ་བཏོན་པ་ལས། ཀྲུང་གོ་དང་སི་ཕན་གྱི་འབྲེལ་བའི་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕན་དང་མཉམ་དུ། རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་ངོ20གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ། ཆབ་སྲིད་ཡིད་རྟོན་མུ་མཐུད་འཕེལ་བར་བྱེད་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་སི་ཕན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་གྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་པ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ལ་ཕན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་ངོ50འབྲེལ་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། སི་ཕན་གྱིས་འདིའི་ཐད་ཧུར་ཐག་གི་བྱེད་ནུས་འདོན་པའི་རེ་བ་བྱས་ཡོད།

སང་ཆེ་སི་ཡིས་བསྟན་དོན། སི་ཕན་གྱིས་ཀྲུང་གོའི་བར་གྱི་མཛའ་བརྩེའི་འབྲེལ་བར་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་གནོད་སྐྱེལ་བཞིན་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ཁས་ལེན་དང་བརྟན་སྲུང་བྱེད་པ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། སི་ཕན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་ཅིང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་སི་ཕན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སྒོ་ཁྲལ་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་མེད། སིན་ཕན་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་ཅིང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་འདོད་ཡོད། སི་ཕན་གྱིས་མུ་མཐུད་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་པ་བྱེད་འདོད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།