ཟླ6པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་ཁེ་ལས་གཙོ་བོའི་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ད་ལྟ་སྤེལ་བཞིན་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་པ། འཁོར་རྒྱུག་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལས་ཞུགས་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཚོང་ར་བརྟན་འཇགས། སྔོན་རྩིས་བརྟན་འཇགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།
ཟི་ལིང་གནམ་གྲུ་ཐང་གི་རྒྱས་སྐྲུན་ལས་གཞི་སྐབས་གསུམ་པའི་གསར་དུ་འཛུགས་སྐྲུན་བྱས་པའིT3གནམ་གྲུ་འབབ་ཚིགས་ཐོག་ཁང་དུ། ལུའོ་ཏུང་ཁྲོན་ལས་རེས་ཚོམས་ཆེན་དང་བདེ་འཇགས་ཞིབ་བཤེར་ཁུལ། གསར་བཙུགས་ས་ཚིགས་བཅས་ལ་སོང་ནས། ཡུལ་དངོས་ནས་ལས་གཞི་འཛུགས་སྐྲུན་བྱེད་ཚད་དང་སྐྱེལ་འདྲེན་གྲ་སྒྲིག ཆ་སྡེབས་སྒྲིག་ཆས། བདེ་འཇགས་ཐོན་སྐྱེད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གནམ་གྲུ་ཐང་གིས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་བཟོ་སྐྲུན་ལེགས་འགྲུབ་རྩིས་ལེན་སོགས་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཟི་ལིང་གནམ་གྲུ་ཐང་རྒྱས་སྐྲུན་ལས་གཞི་སྐབས་གསུམ་པ་ནི་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་བཟོ་སྐྲུན་གཙོ་བོ་ཡིན་ལ། རང་ཞིང་རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཡང་ཡིན་པས། རྒྱལ་སྤྱིའི་རྩེ་གྲ་དམིགས་ཚད་དུ་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཆ་རྐྱེན་འོག སྐྱེལ་འདྲེན་བྱེད་པའི་སྔོན་གྱི་གྲ་སྒྲིག་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། བདེ་འཇགས་དང་ལྗང་མདོག རིག་སྟོབས། མི་གཞུང་བཅས་ཀྱི་དེང་རབས་ཅན་གྱི་གནམ་གྲུ་ཐང་གསར་སྐྲུན་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། འཁོར་སྐྱོད་ཚོང་གཉེར་གྱི་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལེགས་ཞིབ་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། མཚོ་སྔོན་གྱི་རིག་གནས་གཞི་རྒྱུ་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མངོན་པར་བྱེད་པ། གནམ་གྲུ་གསར་བ་དེ་རབ་མཛེས་མཚོ་སྔོན་གྱི་འགྲེམ་སྟོན་སྒེའུ་ཁུར་དུ་འགྱུར་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
མཚོ་སྔོན་ནའོ་ཏི་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཀྲུང་ལིས་འོད་སྐུད་ལག་རྩལ་ཚད་ཡོད་ཀུང་ཟི་རུ། ལུའོ་ཏུང་ཁྲོན་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱི་ཞུ་གཏུག་ལ་ཉན་ཞིང་། དཀའ་ཁག་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། ཁོས་ནན་གྱིས་བསྟན་དོན། བཟོ་ལས་ནི་དཔལ་འབྱོར་འཕར་སྣོན་གྱི་གཙོ་གཞི་དང་སྒུལ་ཁྲིད་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཐོན་ལས་ཀྱི་རྨང་གཞི་དང་ཁྱད་ཆོས་དགེ་མཚན་ལ་རྐང་འཛུགས་པ། སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཐོན་སྐྱེད་བཟོ་རྩལ་རྒྱུན་མ་ཆད་ལེགས་བསྒྱུར་བྱེད་པ། ཐོན་རྫས་ལེགས་བསྒྱུར་རིམ་སྤོར་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་དགོས། རྒྱང་ལྟ་རང་བཞིན་གྱི་བསམ་གཞིགས་ལ་ཤུགས་སྣོན་པ་དང་། མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ། ཐོན་ལས་ཕྲེང་འབྲེལ་གྱི་སྟོད་སྨད་རྒྱུད་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་འཁོར་རྒྱུག་བེད་སྤྱོད་ཀྱི་ལས་ཆོད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཁེ་ལས་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྒྱུན་མཐུད་ངང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་སྟེགས་བུ་འཛུགས་པ། ཞབས་ཞུ་ལེགས་བསྒྱུར་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་ཆེད་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་དགོས།
རིན་ཆེན་མཚོས་བསྒྱུར།