ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཐེངས་བཞི་པའི་དཔེ་ཀློག་འཛིན་གྲྭ་བསྡུས།
ཟླ6ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་རྒྱས་འཛོམས་གྲོས་ཚོགས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཐེངས་བཞི་པའི་དཔེ་ཀློག་འཛིན་གྲྭ་བསྡུས་ནས། ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཟུང་སྟེ། གནད་འགག་གཙོ་གནད་ཁོང་དུ་ཆུད་པ་དང་། འཆར་འགོད་ཞིབ་མོས་ལག་བསྟར་བྱེད་པ། བྱ་བའི་ལས་རིམ་ཁག་དམ་འཛིན་ནན་མོ་བྱས་ཏེ་སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་ནན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བདེན་འཚོལ་དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་གལ་ཆེན། ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས། ཀྲུང་གུང་ཀྲིན་ཏིན་རྫོང་གིས་མགོ་ཁྲིད་ཀྱི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་གཏན་འབེབས་རེ་འགའ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་མེད་པའི་གཏོང་བའི་སྲོལ་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་སྒྲིག་འགལ་ཟ་འཐུང་གཅིག་བསྡུས་དག་ཐེར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བརྡ་སྦྱོང་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་དང་། ཞིང་ཆེན་སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོ་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སློབ་སྦྱོང་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་ལས་འགན་དང་པོ་ཡིན་པའི་ཆ་ནས། སྒྲིག་འགལ་ཟ་འཐུང་གཅིག་བསྡུས་དག་ཐེར་བྱེད་པ་དང་གྱོད་གཞིས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ངོས་ཤེས་ཇེ་ཟབ་དང་རང་རྟོགས་ཇེ་མཐོར་གཏོང་བ་དང་། བསམ་བློའི་སྟེང་རྩ་བ་ནས་བཅོས་སྐྱོང་དང་། གཞི་རྩ་གསོ་སྐྱོང་། གཞི་རྩ་ཇེ་བརྟན་དུ་བཏང་ནས་བསླབ་པ་བཀོལ་མཁས་དང་ཤེས་སྤྱོད་གཅིག་གྱུར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོས་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཏེ། དཔེ་ཀློག་འཛིན་གྲྭ་བསྡུ་བ་དེ་རྒྱུན་ནམ་ཡུན་ཕན་གྱི་སློབ་སྦྱོང་སྤེལ་བའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། བརྗོད་དོན་གཙོ་གཞི་ཁོང་དུ་ཆུད་པར་བྱེད་པ་དང་གནད་འགག་གཙོ་གནད་འབུར་དུ་ཐོན་པར་བྱེད་དགོས། སྒྲིག་ཁྲིམས་ཀྱི་བཀག་རྒྱ་བརྟན་པོ་ཤུགས་དྲག་ཏུ་བཏང་སྟེ། མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་གོང་གིས་འོག་རིམ་ལ་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱེད་པ་དང་། གྱོད་དཔེ་དཔེ་གཞིར་འཛིན་པ་དང་། གྱོད་དཔེས་དག་ཐེར་ལ་སྐུལ་བ། གྱོད་དཔེས་བཅོས་སྐྱོང་ལ་སྐུལ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་བཞིན་འགོག་སྲུང་བརྟན་པོ་བྱས་ནས། སྒྲིག་འགལ་ཟ་འཐུང་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། ལྟ་སྐུལ་སྒྲིག་བསྟར་གྱི་འགན་འཁྲི་བདའ་འདེད་གཟབ་ནན་དུ་བཏང་སྟེ། རྣམ་པ་བཞི་ཡང་དག་སྒོས་འཁོར་སྐྱོད་ཐུབ་པ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དང་གསལ་འདེབས་ཤུགས་དྲག་ཏུ་གཏོང་དགོས་ལ། སྒྲིག་ཁྲིམས་བླང་བྱ་སེམས་སུ་དམ་པོར་བཟུང་ནས་ཚད་མཐར་མི་རེག་པ་དང་ཉེན་མཚམས་དང་མི་འགལ་བར་ཁག་ཐེག་བྱེད་དགོས། སྲོལ་ངན་བཞི་ཡོ་བསྲང་དང་སྲོལ་བཟང་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། དམིགས་བསལ་སྨྲ་བ་དང་ཁ་གསབ་སེམས་ཁམས། དོན་ཆུང་སྨྲ་བ། འཕེལ་རྒྱས་ཤུགས་རྐྱེན་སྨྲ་བ་སོགས་ནོར་འཁྲུལ་གྱི་ངོས་འཛིན་མཐའ་གཅིག་ཏུ་མེད་པར་བཏང་ནས། ཤུགས་ཆེན་པོས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས།
གྲོས་ཚོགས་སྟེང་། བློ་མཐུན་ལྔ་ཡིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་། གཙོ་དོན་འདུ་ཤེས་བརྟན་པོར་འཛུགས་པ། སྤྱོད་ཚུལ་བསྒྱུར་བ་དང་ཁག་ཁུར་འགན་སྒྲུབ། དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བརྗོད་དུ་བཟུང་སྟེ་བརྗེ་རེས་བགྲོ་གླེང་བྱས།
ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཁོངས་མི། ལས་ཁུངས་ཀྱི་ཁྲུའུ་གཞོན་པ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།