མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ལས་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས།
2025.06.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

སྔོན་འགྲོའི་གཏམ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་མཛད་ཅིང་། ཐེངས་གསུམ་ལ་སྐུ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བར་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པར་ཁ་ཕྱོགས་གསལ་སྟོན་དང་ངེས་གནས་གཏན་འཁེལ། འགན་འཁྲི་སྩོལ་བ། བླང་བྱ་འདོན་པ་བཅས་མཛད་དེ། མཚོ་སྔོན་གྱིས་དུས་རབས་གསར་པའི་འབད་འཐབ་ཀྱི་ལམ་བཏོད་པར་སྣེ་ཁྲིད་གནང་།

མངགས་བཅོལ་དམ་པོ་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་སུ་བསྒྱུར་བ་དང་། བརྩེ་བ་ཟབ་མོ་དེ་དྲིན་གཟོའི་སེམས་དང་དངོས་སྒྲུབ་སྔོན་བརྩོན་གྱི་བྱ་སྤྱོད་དུ་བསྒྱུར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཁྱབ་པར་བྱེད་དགོས། མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་དེ་རིང་ནས་བཟུང《གཙང་བོའི་འབྱུང་ཡུལ་ལ་གཟིགས་པ》ཞེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ། གཞི་རིམ་དུ་སོང་ནས་ཕན་འབྲས་མངོན་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་ནས་མི་སེམས་ལ་སིམ་པ་དང་། རྩ་བ་ཚུགས་ཤིང་མེ་ཏོག་བཞད་དེ་འབྲས་བུ་ཐོགས་པའི་གསོན་ཉམས་ལྡན་པའི་ལག་ལེན་བཟང་བོར་བརྗོད་པ་དང་། བརྩོན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་རྣམ་པ་གསར་པ་མངོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་གཟོའི་འབད་འཐབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་འབད་པ་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་བཏང་ཡོད།

སྐོར་ཐེངས་གསར་པའི་ཚན་རྩལ་བཅོས་སྒྱུར་དང་ཐོན་ལས་ཀྱི་སྒྱུར་བཅོས་མདུན་ནས་མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་གཙོ་ཐིག་ཏུ་བཟུང་ཞིང་། རྩིས་ནུས་ཀྱི་གཞི་གྲངས་དཔལ་འབྱོར་གྱི་ཁྲག་རྒྱུན་དང་ཚན་རྩལ་བདག་དབང་གི་མ་རྩ། ཐོན་ལས་རིམ་འཕར་གྱི་འདེགས་ཤིང་། ལྷད་མེད་ཚུལ་སྒྱུར་གྱི་གནས་ཐིག་བཅས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དང་ཤར་གྲངས་ནུབ་རྩིས་ཀྱི་བཟོ་སྐྲུན་ཆེན་མོའི་འཕེལ་རྒྱས་གོ་སྐབས་གསར་པར་བསྟུན་པ་དང་། ལྗང་མདོག་རྩིས་གློག་མཉམ་འབྲེལ་གྱི་ཐབས་ལམ་གསར་པས། ས་གནས་རང་གི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཅིག་བཏོད་ཡོད།

མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ལས་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས།

མཚོ་ནུབ་ཀྲུང་ཁུང་ཞུན་རྡོ་ཚ་མོའི་གློག་འདོན་ཡུལ་དངོས།

ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ། བོད་རིགས་བུད་མེད་པད་མ་མཚོ་ཡིས་གློག་ཀླད་ཀྱི་འཆར་ཡོལ་མདུན་དུ་བྱང་ཆ་ལྡན་པའི་སྒོ་ནས་མི་མེད་གནམ་གྲུས་བརྙན་ཕབ་བྱས་པའི་མཚོ་སྔོན་པོའི་བརྙན་སྒྲིག་བཞིན་ཡོད། ཁོ་མོའི་བྱ་བ་ནན་ཏན་དང་ཞིབ་ཚགས་ཡིན་ལ། ཁོ་མོས་རྟགས་བཀོད་རྗེས་ཀྱི་གཞི་གྲངས་དེ་མི་ཐབས་རིག་ནུས་ཀྱི་བརྩི་སྲོལ་དང་དཔེ་དབྱིབས་རྩིས་བྱེད་ཀྱི་གནད་འགག་ཆ་འཕྲིན་དུ་བྱ་རྩིས་རེད།

གངས་ལྗོངས་མཐོ་སྒང་འདིར། སྔོན་ཆད་བོད་རིགས་མང་ཚོགས་དག་བོད་ལུགས་ས་གདན་འཐག་པར་དགའ་མོས་ཡོད་པ་དང་མི་འདྲ་བར། ད་ལྟ་བརྒྱ་ཆའི་གོ་བཞིའི་དག་གཙང་ནུས་ཁུངས་ཀྱི་སྒུལ་ཤུགས་ལ་བརྟེན་པའི་གཞི་གྲངས་རྟགས་བཀོད་ཀྱི་ཐོན་ལས་ར་བའི་ནང་། མཐོ་སྒང་གི་གཞི་གྲངས་འཚེམ་དྲུབ་མ་སྟོང་ཕྲག་ཙམ་གྱིས་ཙིག་རྟགས་བཀོལ་ནས་སེམས་ཞིབ་མོས་མཚོ་སྔོན་རྩིས་གློག་མཉམ་འབྲེལ་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་གཞི་གསར་པ་སྒྲིག་བཟོ་བྱེད་བཞིན་ཡོད།

2021ལོའི་ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པའི་སྐབས་སུ་ས་ཁུལ་སོ་སོས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་དགེ་སྤེལ་སྐྱོན་སྤང་བྱས་ཏེ། ས་ཁུལ་རང་གི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཅིག་བཏོད་དགོས་ཞེས་ནན་གྱིས་གསུངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཐེངས་གསུམ་ལ་ཕེབས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་ཞེས་པ་དང་། མཚོ་སྔོན་དེ་རྒྱལ་ཁབ་ཀྱི་གལ་ཆེ་བའི་གསར་དར་ནུས་ཁུངས་ཐོན་ལས་ཀྱི་རྟེན་གཞི་རུ་འགྱུར་བར་བྱེད་དགོས་ཞེས་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་འཛུགས་སྐྲུན་བྱེད་དགོས་ཞེས་པ་བཅས་ཀྱི་བླང་བྱ་གལ་ཆེན་བཏོན།

ད་ལྟ་ཚན་རྩལ་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་མོ་དང་འགྲོགས་ནས། རྩིས་ནུས་བཅོས་སྒྱུར་ཐེངས་ཤིག་མཚོ་སྔོན་གྱི་འཛིན་མའི་གཞི་རུ་རྩ་བ་ཚུགས་བྱུང་། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་བྱེད་པ་དང་། ལྗང་གློག་དེ་རྩིས་ནུས་ཕྱོགས་སུ་ཕན་འབྲས་མཐོན་པོས་བསྒྱུར་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱིས་ནུབ་རྒྱུད་ལ་རྐང་བཙུགས་ནས། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་བར་ཤུགས་སྣོན་བཞིན་ཡོད།

ལོ་ངོ་བཅུ་ཡི་དཀའ་སྤྱད་མདུན་སྐྱོད་ཁྲོད་དུ། མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་གདངས་ལ་དམིགས་བཙུགས་ནས། གློག་ཤུགས་འཕྲུལ་ཆས་གཙོ་བོ་སྟོང་ཝ་བྱེ་བ་བདུན་དང་ས་ཡ་གཅིག་ལས་བརྒལ། དག་གཙང་ནུས་ཁུངས་དང་ནུས་ཁུངས་གསར་པའི་འཕྲུལ་ཆས་ཀྱིས་སོ་སོར་བརྒྱ་ཆའི་གོ་བཞི་དང་བརྒྱ་ཆའི་དོན་གཅིག་ཟིན་ནས། རྒྱལ་ཡོངས་ཀྱི་མདུན་དུ་བསྐྱོད་ནས་ནུས་ཁུངས་གསར་པའི་འཕྲུལ་ཆས་དང་གློག་འདོན་གྱི་བསྡུར་ཚད་དེ་གཙོ་གཟུགས་གཉིས་ཀྱི་རྣམ་པ་མངོན་འགྱུར་བྱུང་སྟེ། ཆུ་གློག་དང་ཉི་གློག རླུང་གློག གསོག་ནུས་བཅས་ཀྱི་ནུས་ཁུངས་སྒྲིག་ཆས་ཀྱི་རྣམ་པ་གྲུབ་པས། མཚོ་སྔོན་དེ་རྒྱལ་ཁབ་ཐཱན་གཉིས་འཐབ་ཇུས་ཀྱི་ནུས་གསོག་ས་ཁུལ་དུ་གྱུར་ཡོད།

རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་ལ་ཁ་གཏད་ནས། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་གཙོ་ཐིག་ཏུ་བཟུང་ནས། རྩིས་ནུས་ཀྱི་གཞི་གྲངས་དཔལ་འབྱོར་དང་ཚན་རིག་གཙོ་དབང་། ཐོན་ལས་རིམ་འཕར། ལྗང་མདོག་ཚུལ་སྒྱུར་བཅས་དམ་པོར་བཟུང་བ་དང་། རྒྱལ་ཁབ་ཐཱན་གཉིས་འཐབ་ཇུས་དང་ཤར་གྲངས་ནུབ་རྩིས་ཀྱི་ལས་གཞི་གལ་ཆེན་གྱི་འཕེལ་རྒྱས་གོ་སྐབས་ལ་བརྟེན་ནས། ས་གནས་རང་གི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།

འདི་དག་ཡོད་ཚད་ཀྱིས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཤུལ་རྗེས་ལ་འགྱུར་བ་གཏོང་བཞིན་ཡོད་པ་དང་། མཚོ་སྔོན་མི་དམངས་ཀྱི་ལས་དབང་ལའང་ཁ་ལོ་སྒྱུར་བཞིན་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་པད་མ་མཚོ་ཟེར་བའི་བུད་མེད་དེ་མཚོ་སྔོན་ལྗང་རྩིས་ཚན་རྩལ་ཚད་ཡོད་ཀུང་ཟིར་ལས་ཞུགས་བྱས་ཤིང་། མོའི་ལས་ཀ་ནི་མཚོ་སྔོན་གྱི་རི་ཆུ་ལ་རྟགས་འགོད་རྒྱུ་དེ་རེད། སློབ་ཆེན་མཐར་ཕྱིན་མ་ཐག་པའི་བུ་མོ་དེས་དགོད་བཞིན་དུ་བཤད་རྒྱུར། ངས་ཆུང་དུས་ནས་རྩྭ་ཐང་དུ་ཕྱུགས་འཚོས་ཏེ་ལག་ཆགས་པ་ཡིན། མཐའ་ཡས་པའི་འབྲོག་པའི་སྤང་ཐང་ནས་གང་འདོད་ལྟར་ཡར་རྒྱུག་མར་རྒྱུག་བྱས་ནས་བསྡད་མྱོང་། ད་ལྟ་མི་ཐབས་རིག་ནུས་ལ་བརྟེན་ནས་རི་བོ་དང་མཚེའུ།  འབྲོང་། གསའ་བཅས་ལ་དབྱེ་འབྱེད་བྱས་ཤིང་། རྩིས་ནུས་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་མཚོ་སྔོན་ཤེས་སུ་འཇུག་བཞིན་ཡོད་ཟེར།

ད་ལོ་གསར་དུ་ལས་ཞུགས་བྱས་པའི་བོད་པའི་གསར་བུ་ཟོན་ཐར་འབུམ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་རེད། ཁོའི་མིག་མདུན་གྱི་བཏུལ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། བྱེ་ཐང་ནས་ལྗང་མདོག་ཏུ་གྱུར་ཞིང་། འོད་ནུས་ནས་གློག་ནུས་སུ་བསྒྱུར་འདུག ཟོན་ཐར་འབུམ་གྱིས་བཤད་རྒྱུར། སྔོན་ཆད་བཏུལ་ཐང་ལ་རྩེ་རུ་ཡོང་མྱོང་། དེ་དུས་མུ་མཐའ་མེད་པའི་ཉི་གློག་གི་ཤེལ་ལེབ་དེ་དག་མཐོང་བ་ན། རྗེས་ཕྱོགས་རང་ཉིད་ཀྱིས་ངེས་པར་དུ་དག་གཙང་ནུས་ཁུངས་ཀྱི་བྱ་གཞག་ལ་འབད་པ་བྱ་རྒྱུ་ཡིན་པའི་ཆོད་སེམས་བཅངས་མྱོང་། ད་ལྟ་གཞི་གྲངས་རྟགས་འགོད་ཀྱི་བྱ་བ་འདི་སྒྲུབ་ན། བཏུལ་ཐང་གི་དག་གཙང་ནུས་ཁུངས་དང་འབྲེལ་ཡོད་པས་ཧ་ཅང་དགའ་ཡོད་ཟེར།

2024ལོའི་ཟླ11པའི་ཚེས18ཉིན། འབྲེལ་ཡོད་སྲིད་ཇུས་དང་ཐོན་ལས་མ་རྩའི་རྒྱབ་སྐྱོར་འོག་ཏུ། མཚོ་སྔོན་ལྗང་རྩིས་ལས་རོགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་སློབ་མ་བསྡུ་ཆོག་པའི་ཆོག་མཆན་ཐོབ། མི་ཐབས་རིག་ནུས་ཀྱི་ཟབ་སྦྱོང་དགེ་རྒན་ཞེས་པའི་ཆེད་ལས་བཙུགས་ནས། མཚོ་སྔོན་གྱི་ཆེས་ཐོག་མའི་ལྗང་མདོག་རྩིས་ནུས་ཐོན་ལས་དང་སློབ་ཁྲིད་ཟུང་དུ་འབྲེལ་བའི་འཇོན་མི་གསོ་སྦྱོང་གི་མཉམ་འབྲེལ་ལས་ཁུངས་གྲུབ།

རྩིས་གློག་མཐུན་སྦྱོར་གྱིས་མཚོ་སྔོན་གྱི་ན་གཞོན་མང་པོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཚན་རྩལ་གྱི་ལས་ཀར་ཟབ་ཞུགས་བྱེད་དུ་བཅུག་ཡོད་ལ། དེ་ཡིས་མཐོ་སྒང་གི་ཞིང་ཆེན་དང་འཛམ་གླིང་གི་རྩིས་ནུས་གཉིས་ཕན་ཚུན་སྦྲེལ་མཐུད་བྱས་ཡོད་པ་མ་ཟད། མཐོ་སྒང་གི་དག་གཙང་ནུས་ཁུངས་ཀྱིས་མེས་རྒྱལ་གྱི་གཞི་གྲངས་འཕེལ་རྒྱས་ལ་རོགས་ཤུགས་འདོན་དུ་བཅུག་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ལ་ཐུགས་ཁུར་ཟབ་བཞེས་གནང་བཞིན་ཡོད། 2016ལོར་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། ཆེད་དུ་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུ་ཀུང་ཟིའི་ཟི་ལིང་ཡན་ལག་ཀུང་ཟི་རུ་ཕེབས་ནས། ངོ་སྤྲོད་ལ་གསན་པ་དང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོར་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་འགོ་རྩོམ་པའི་ཐད་བསྐུར་བའི་རྟེན་འབྲེལ་ཞུ་བའི་བརྙན་རིས་ནང་། ང་ཚོས་གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། གསར་གཏོད་སྒུལ་ཤུགས་དང་པོར་བརྩི་བ་དང་། བདེ་འཇགས་མཐའ་ཚད་དུ་བརྩི་བ། ཀུན་ཕན་རིན་ཐང་གི་འཚོལ་སྙེག་ཏུ་བརྩིས་ནས། དྲ་རྒྱའི་བར་སྟོང་གི་གསར་གཏོད་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས། ཀུན་ཕན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་སྔར་ལས་མཛེས་སྡུག་ལྡན་པའི་གཞི་གྲངས་ཀྱི་མ་འོངས་པར་བསྐྱོད་དགོས་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་དང་གཞི་གྲངས་ཐོན་ལས་འཕེལ་རྒྱས་ཐད་གནང་བའི་མངགས་བཅོལ་དེ་ད་དུང་ང་ཚོའི་རྣ་ལམ་དུ་གསལ་ལྷང་ངེར་ཡོད།

དག་གཙང་ནུས་ཁུངས་ཀྱི་འཚོ་བཅུད་འོག དེང་རབས་ཀྱི་ལྗང་མདོག་བཟོ་གྲྭ་རེ་རེ་རྒྱུན་མཐུད་ངང་འཚར་ལོངས་བྱུང་བ་དང་། མཐོ་སྒང་གི་རྩིས་ནུས་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་། མཚོ་སྔོན་ལྗང་རྩིས་ཚན་རྩལ་ཚད་ཡོད་ཀུང་ཟིའི་རྐང་འཛིན་དབུ་གཙོ་ལིས་ཀང་གིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱི་ལྗང་གློག་ཟིན་ཚད་བརྒྱ་ཆའི་གོ་བཞི་ལས་བརྒལ་བའི་དགེ་མཚན་དང་། རྩིས་གློག་མཉམ་ལས་ཐོན་ལས་འཕེལ་རྒྱས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས། ཁེ་ལས་མང་པོ་མཚོ་སྔོན་དུ་བཅའ་སྡོད་བྱེད་པར་ནང་འགུག་བྱས་པ་དང་། མིག་སྔར་གླིང་ཁུལ་གྱི་ཉིན་རེའི་ཆ་སྙོམས་ཀྱི་རྟགས་རྒྱག་གཞི་གྲངས་ཐག་གཅོད་པའི་ཚདTB50ལས་བརྒལ་ཡོད་ཟེར།

ལུག་རྫི་ནསAIམཆན་འགོད་པར་གྱུར་པ་དང་། ནུས་ཁུངས་ཐོན་ལས་ཀྱི་འོད་སྙེག་མཁན་ནསAIསྦྱོང་བརྡར་དགེ་རྒན་དུ་གྱུར་པ་སོགས་ཕྱོགས་གང་ཐད་ནས་བལྟས་ན། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ལས་ཞུགས་གནས་བབ་ཀྱི་མཆོང་བརྒལ་ནི་བསམ་ཡུལ་འདས་པ་ཞིག་ཡིན་ལ། དེ་ནི་བཀོད་སྒྲིག་ཞིབ་མོ་བྱས་པའི་གྲུབ་འབྲས་རེད།

མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཚུལ་སྒྱུར་གྱི་རྩིས་བརྒྱབ་མྱོང་བ་དང་། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། རྒྱལ་ཡོངས་སུ་ཐོག་མར་ལྗང་མདོག་རྩིས་ནུས་ཀྱི་རྨང་གཞི་སྒྲིག་ཆས་རིམ་པའི་དཔྱད་བསྡུར་གཏན་འབེབས་ཚད་གཞི་སོགས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ལྔ་བསྒྲགས་པ་དང་། རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་དག་གཙང་ནུས་ཁུངས་ཀྱི་ཁུངས་འདེད་ཐུབ་པའི་ལྗང་མདོག་གཞི་གྲངས་ལྟེ་གནས་དང་པོ་བསྐྲུན་ལ། རྒྱལ་ཡོངས་ཀྱི་མཉམ་སྤྱོད་གསོག་ནུས་ཚོང་ར་ཅན་གྱི་ཉོ་ཚོང་སྟེགས་བུ་དང་པོ་བཙུགས། ཚད་ལེན་ཞིབ་རྩིས་ལས་མངོན་པ་ལྟར་ན། མཚོ་སྔོན་དུ་རྩིས་ནུས་ལྟེ་གནས་བཙུགས་པ་དང་། གཞི་གྲངས་ལྟེ་གནས་ཀྱི་གློག་ནུས་བཀོལ་སྤྱོད་ལས་ཆོད་ཀྱི་དམིགས་ཚད་གཅིག་དང་གྲངས་ཆུང་གཉིས་མན་ཡིན་ལ། རྒྱལ་ནང་གི་ས་ཁུལ་གཞན་པ་དང་བསྡུར་ན་དངུལ་གཏོང་གི་མ་རྩ་བརྒྱ་ཆའི་ཉི་ཤུ་ཇེ་དམའ་རུ་སོང་ལ། འཁོར་རྒྱུག་གི་མ་རྩ་བརྒྱ་ཆའི་སུམ་ཅུ་ཇེ་དམའ་རུ་སོང་ཞིང་། དངུལ་གཏོང་གྲུབ་འབྲས་ཐོབ་པའི་དུས་ཡུན་ལོ་གཉིས་ཀྱིས་ཇེ་ཐུང་དུ་སོང་ཡོད།

ཕྱོགས་གཅིག་ནི་མཚོ་སྔོན་གྱི་གཞི་གྲངས་རྩིས་ནུས་དངAIརིག་ནུས་ཀྱི་མྱུར་རྩིས་དང་།   ཕྱོགས་གཅིག་ནི་ཟི་ལིང་དང་བར་ཐག་སྤྱི་ལེ་བརྒྱའི་མཚམས་སུ་ཡོད་པའི་རླུང་འཁོར་དང་འོད་ནུས། ཆུ་འཁོར་བཅས་མགྱོགས་མྱུར་འཁོར་སྐྱོད་བྱེད་པ་ཡིན་ཏེ། དེ་གཉིས་གཅིག་ལ་གཅིག་བརྟེན་དང་ལག་རྡང་མཉམ་སྐྱོད་བྱས་ཡོད། ལིས་ཀང་གིས་ང་ཚོས་ཀུང་སི་བཅུ་ཕྲག་འགའི་གཞི་གྲངས་རྟགས་འགོད་ལས་གཉེར་འགན་སྒྲུབ་བྱས་ཡོད་ལ། དག་གཙང་ནུས་ཁུངས་ཀྱི་མཚོན་རྟགས་ལས་འགན་རེ་རེས་ཐཱན་ཇེ་ཉུང་དུ་གཏོང་ཆེད་བྱེད་ནུས་འདོན་བཞིན་ཡོད་ཅེས་མཚམས་སྦྱོར་བྱས།

གཞི་གྲངས་རྟགས་འགོད་ཐོན་ལས་མཚོ་སྔོན་དུ་མགྱོགས་མྱུར་གཅིག་བསྡུས་བྱས་ཏེ། ད་ལྟ་ཕྲེང་འབྲེལ་རྣམ་པའི་མུ་འབྲེལ་བྱེད་ནུས་འདོན་བཞིན་ཡོད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲི་ཀྲང་གཞོན་པ་ནན་ཧའེ་ཡན་གྱིས་གསར་འགོད་པར་བཤད་རྒྱུར། མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་རྩིས་ནུས་རྟགས་འགོད་ཐོན་ལས་ཕྲེང་འབྲེལ་གྱི་གནད་འགག་གོ་རིམ་ལ་དམིགས་ནས་མྱུར་དུ་ཚོང་འགུག་བྱེད་པའི་སྒང་ཡིན་ལ། དུས་ལྟར་རྟགས་འགོད་པ་དང་། སྦྱོར་བརྡར་བྱེད་པ། བེད་སྤྱོད་གཏོང་བ་བཅས་ཀྱི་རྣམ་པ་བསྐྲུན་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་གཏིང་ཚད་ཟབ་པའི་འགྱུར་ལྡོག་ཅིག་འབྱུང་བཞིན་པ་ནི། ནུས་ཁུངས་ཁྱབ་ཁོངས་ཀྱི་བབ་བརླིང་ནུས་སྐྱེད་དང་ནུས་ཤུགས་ཕྱིར་གཏོང་ལ་གྲ་སྒྲིག་འདང་ངེས་ཡོད་པ་དེ་རེད།

ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་སུ། རྩིས་ནུས་བརྒྱུད་དེ་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་བཅའ་སྡོད་ཁེ་ལས་ཀྱིས་གློག་བཀོལ་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་དང་། ས་ཚིགས་གཅིག་ཅན་གྱི་ནུས་བཀོལ་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས་པར་མ་ཟད། ཁེ་ལས་ཀྱི་ཐཱན་ཉུང་འཁོར་སྐྱོད་ལ་རོགས་བྱེད་ཐུབ།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཁོངས་གཏོགས་ཀྱི་མཚོ་སྔོན་ལྗང་ནུས་གཞི་གྲངས་ཚད་ཡོད་ཀུང་སིའི་ཐཱན་གཉིས་ལས་སྒོ་དོ་དམ་པ་ཉིའུ་ཞུའེ་དབྱིན་གྱིས་བཤད་རྒྱུར། རིགས་མི་འདྲ་བའི་ཁེ་ལས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ང་ཚོས་རྩིས་ནུས་སྤྱད་དེ་ནུས་གྲོན་སྒྲིག་ཆས་ཀྱི་ནུས་ཕྱོད་དང་། དག་གཙང་ནུས་ཁུངས་འདྲེན་སྤྱོད་བྱེད་ཚད་སོགས་དམིགས་ཚད་དཔྱད་འཇོག་དཔེ་དབྱིབས་སོ་དྲུག་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ཟུར་ཚད་མང་བའི་ནུས་གྲོན་གྱི་ཡང་དག་པའི་དཔེ་རིས་མངོན་འགྱུར་བྱས་ཡོད་ཟེར།

ད་ལྟ་མཚོ་སྔོན་གྱིས་རྩིས་ནུས་དར་གོས་ཚོང་ལམ་སྤྱད་དེ། ཕྱོགས་སོ་སོ་ནས་མཐོ་སྒང་གི་དཔལ་འབྱོར་བསྐྱར་གསོ་བྱེད་བཞིན་ཡོད་ལ།  མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་མྱུར་ལམ་ལས་ཐོན་པ་ནི་རྩིས་ནུས་ཀྱི་ཕྲེང་བར་བརྒྱུས་པའི་རྩིས་ནུས་ཐོན་ལས་ཀྱི་ཁྱུ་ཚོགས་རེད།

མཚོ་སྔོན་གྱི་ལྗང་མདོག་གི་སད་རྟོགས་དང་མ་འོངས་པའི་དཔལ་འབྱོར་གྱི་བསམ་ཕྱོགས་ད་ལྟ་དངོས་དོན་གྱི་འཚོ་བའི་ཁྲོད་འདྲེན་བཞིན་འདུག  མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི་ནང་དུ། མཚོ་སྔོན་གྱིས་རྩིས་གློག་མཐུན་སྦྱོར་ཐོན་ལས་འཕེལ་རྒྱས་ཐད་མུ་མཐུད་འཆར་འགོད་བྱས་ཏེ། མ་འོངས་པར། ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྔོན་གྱི་མི་སྔར་ལས་མང་པོ་ལྗང་མདོག་རྩིས་ནུས་ཀྱི་ཁེ་ལས་སུ་ཞུགས་ནས། མཚོ་སྔོན་གྱིས་ཕྱི་ཕྱོགས་ནས་རིན་ཐང་བཙལ་བའི་སྲོལ་རྒྱུན་གྱི་རྣམ་པ་དེ་ཡོངས་སུ་མཇུག་བསྒྲིལ་དུ་འཇུག་དགོས་ཟེར།

ས་གཞི་མུན་པས་གཡོགས་དུས། ལྗང་རྩིས་རྟགས་འགོད་ལས་སྒྲུབ་ཁང་དུ་གློག་འོད་ལམ་ལམ་དུ་འཚེར་བཞིན་ཡོད། པདྨ་མཚོས་ཉིན་དེའི་མཇུག་མཐའི་རྟགས་འགོད་པའི་ལས་རིམ་ཡོངས་འགྲུབ་བྱས། སྒེའུ་ཁུང་ཕྱི་རུ། ཙོང་ཆུ་རིང་མོ་དལ་གྱིས་བཞུར་གྱིན་ཡོད་པ་དང་། ཇ་རྟའི་ཚོང་ལམ་དུ་བཞུར་རྒྱུན་ཆད་མྱོང་མེད་པའི་གཙང་བོ་ཆེན་པོ་འདིའི་སྟེང་། ད་ལྟ་གཞི་གྲངས་དུས་རབས་ཀྱི་ལྗང་མདོག་འོད་སྣང་འཚེར་བཞིན་འདུག

མཚོ་སྔོན་ལ་སྔོན་ཆད་ཐག་རིང་གི་ས་ཆ་ཞེས་འབོད་སྲོལ་ཡོད་ལ། ད་ལྟའི་དུས་འདིར། རྩིས་གློག་མཐུན་སྦྱོར་ལ་བརྟེན་ནས་ལྗང་རྩིས་ཀྲུང་གོ་བསྐྲུན་པའི་གནས་མཆོག་ཁྱད་པར་པ་ཞིག་ཏུ་གྱུར་ཡོད།

ལྗང་མདོག་རྩིས་ནུས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཕུན་སུམ་ཚོགས་པར་བཏང་།

གཞི་གྲངས་ཆེན་པོའི་ལྟེ་གནས་རེ་རེ་གཅིག་རྗེས་གཉིས་མཐུད་དུ་བཙུགས་ཤིང་། ལུག་རྫི་བུ་མོ་ཞིགAIརྟགས་འགོད་པར་གྱུར་ཅིང་། ལྗང་མདོག་རྩིས་ནུས་དེ་གནད་འགག་གི་ཐོན་སྐྱེད་ནུས་ཤུགས་སུ་བྱེད་པའི་གཞི་གྲངས་དཔལ་འབྱོར་གྱིས་ཧ་ལས་པའི་མྱུར་ཚད་ལ་བརྟེན་ནས་མཚོ་སྔོན་གྱི“གཞི་གྲངས་ས་ཁོངས”གསར་འབྱེད་བྱེད་བཞིན་ཡོད།

མཚོ་སྔོན་ནི“གཙང་པོ་གསུམ་གྱི་འབྱུང་ཁུངས”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བཞིན་པའི་ལས་འགན་གལ་ཆེན་ཞིག་རེད། “ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་བརྒྱུད་པ”ནི། མཚོ་སྔོན་འཕེལ་རྒྱས་ཀྱི་ངེས་གནས་ལ་བསམ་གཞིག་གཏིང་ཟབ་བྱས་པ་ཞིག་ཡིན་ལ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་མཁོ་བའི་ཡུན་རིང་གི་ཐབས་ཇུས་ཤིག་ཀྱང་ཡིན།  མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐོན་ཁུངས་དང་ནུས་ཁུངས་ཀྱི་སྐྱེ་སྟོབས་ལ་རྐང་བཙུགས་ཏེ་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས།  ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱ་རྒྱུ་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཡིན་ལ། གཞི་གྲངས་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། ནུས་ཁུངས་གཙང་མ་དང་མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་བཅས་གཞི་གཅིག་ཏུ་སྦྲེལ་ནས། མཐོ་སྒང་གི་ལྗང་མདོག་རྩིས་ནུས་ཀྱི་སྟོབས་ཤུགས་གསར་པར་བསྒྱུར་ཏེ། “ལྗང་མདོག་གི་རིན་ཐང”ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རིན་ཐང”མཐོ་རུ་གཏོང་བ་དེས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འགན་འཁྲི་ཁག་ཁུར་མཚོན་ལ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཨ་ལིས་དང་པའེ་ཏུའུ། ཅིན་ཏུང་སོགས་ཁེ་ལས་ཀྱི་སྣེ་ཁྲིད་ཁེ་ལས་བར་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་ནས། རྒྱལ་ཡོངས་ཀྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་པོ་བསྐྲུན་པ་དང་། འཛམ་གླིང་གི“རང་འགུལ་རང་གསོག་དང་རང་སྤྱོད་རང་སྲུང”གི་ལྗང་མདོག་གློག་དྲ་ཕྲ་མོའི་རྩིས་ནུས་ལྟེ་གནས་ཀྱི་དཔེ་སྟོན་རྣམ་གྲངས་དང་པོ་སྤེལ་འགོ་བརྩམས་ནས།  “ཇུས་འགོད”ནས“གཏན་འཁེལ”གྱི་བར་དང་།“མེད་པ”ནས“ཡོད་པའི”བར།“ཆུང་བ”ནས“ཆེ་བའི”བར།“ཡོད”པ་ནས“ལེགས་པོའི”བར།“ལེགས་པོ”ནས“སྟོབས་ལྡན”བར། “གཏིང་མི་ཟབ་པ”ནས“གཏིང་ཟབ་པའི”བར་གྱི“འགྱུར་ལྡོག་དྲུག་པོ”འདིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཁྱོན་ཡོངས་ནས་འཕེལ་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པར་བྱས་ཡོད།

“ས་ཁམས་ཀྱི་མཐའ་མཚམས”ནས”ལྗང་མདོག་རྩིས་ནུས་ཀྱི་མཐོ་རླབས”སུ་བསྐྱོད་པ་དང་།  “གལ་ཆེ་བ་གཙིགས་སུ་འཛིན་པ”དང“གལ་མི་ཆེ་བ་ཟུར་འཇོག་བྱེད”པའི་ཡུན་རིང་གི་ཉམས་མྱོང་བརྒྱུད་ནས།  སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ནུས་ཁུངས་གསར་པ།  རྒྱུ་ཆ་གསར་པ་སོགས་ཀྱི་ཁྱབ་ཁོངས་ནས་གྲུབ་འབྲས་གལ་ཆེན་བླངས་ཏེ།  མཚོ་སྔོན་གྱིས་དེང་རབས་ཅན་གྱི་དར་ཆ་མཐོན་པོར་སྒྲེང་བར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད་ལ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་བཏོན་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱིས་གཞི་གྲངས་ཅན་གྱི་རླབས་རྒྱུན་ཁྲོད་རང་ཉིད་ཀྱི་མཚར་སྡུག་མངོན་པའི་གོ་སྐབས་དམ་འཛིན་བྱས་པ་དང་། མཚན་སྙན་གྱིས་སྟོང་བའི་མཚོ་སྔོན་དེ་སྙན་གྲགས་ཆེ་རུ་རྒྱས་པའི་མཚོ་སྔོན་དུ་འགྱུར་བར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཅོང་སྒྲར་ཉན་ནས་ལེའུ་གསར་པ་འབྲི་དགོས།  མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ལྗང་མདོག་རྩིས་ནུས་དེ་གཞི་ཁྱོན་རྒྱ་བསྐྱེད་པ་ནས་གྲངས་སྤུས་གཉིས་འཛིན་གྱི་ཕྱོགས་སུ་སྤོར་བཞིན་ཡོད་ལ། འཇོན་མི་དང་གསར་གཏོད་ཀྱི་ནུས་པས་མི་འདང་བའི་གནད་དོན་དང་།  འགྲན་རྩོད་དང་མཉམ་ལས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད།  སྲིད་ཇུས་ཀྱི་འདོན་སྤྲོད་དང་སྒྲིལ་སྲོལ་ལམ་སྲོལ་གསར་གཏོད་ལ་ཤུགས་བཏོན་པ་དང་།  ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད་པ་དང་།  གཞི་གྲངས་ཀྱི་རིན་ཐང་སྔོག་འདོན།  གཞི་གྲངས་དང་རིག་ནུས་ཀྱི་ཐོན་རྫས་མྱུར་དུ་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ།  ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་སྐྱེ་སྟོབས་ཆེན་པོ་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་བསྟུད་མར་ཇེ་ཆེར་གཏོང་བ་དང་།  མཚོ་སྔོན་གཞི་གྲངས་ཁྱབ་ཁོངས་ཀྱི་འགྲན་ལམ་གསར་པའི་སྟེང་ཧུར་བརྩོན་ཆེན་པོས་བསྐྱོད་དེ། གཙང་གསུམ་འབྱུང་ཡུལ་དུ་ཆེས་ཡིད་དུ་འོང་བའི་དུས་རབས་ཀྱི་རྐང་རྗེས་འགོད་བཞིན་ཡོད།

བསོད་ནམས་ཚེ་རིང་དང་། གཡང་འབུམ་རྒྱལ།

རིན་ཆེན་མཚོ། སྐལ་བཟང་རྣམ་རྒྱལ།

རིག་འཛིན་སྒྲོལ་མ། ཁོན་ཐར་དབང་རྒྱལ་བཅས་ཀྱིས་བསྒྱུར།