ལིས་ཆང་གིས་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོར་མཇལ་འཕྲད་གནང་།
2025.06.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས12ཉིན་པེ་ཅིང་ནས་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན།  ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན། ཟླ་སྔོན་མར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁི་སི་ཐཱ་དང་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཏེ། ཕྱོགས་གཉིས་ཀྱིས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་མཛུབ་སྟོན་གནང་བ་རེད། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་ནི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་དུས་ཀྱི་འཕེལ་ཕྱོགས་ཤིག་རེད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔའི་དཔལ་འབྱོར་གོ་ལ་ཅན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པའི་རྒྱབ་ལྗོངས་འོག  ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕྱོགས་མང་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་ཆེད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས།  ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་དང་མཉམ་དུ་རྒྱལ་སྤྱིའི་དངུལ་ལོར་མ་ལག་བཅོས་སྒྱུར་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ལཱ་ཅ་ཏི་ཡིས་བསྟན་དོན།  མིག་སྔའི་གཏན་འཁེལ་མིན་པའི་རྒྱལ་སྤྱིའི་གནས་བབ་འོག ཡོ་རོབ་གླིང་དང་ཀྲུང་གོས་མཐོ་རིམ་འགྲོ་འོང་དང་གྲོས་མོལ་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཀྲུང་གོའི་ཕྱོགས་ཀྱི་དངུལ་རྩའི་ལས་ཁུངས་བར་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་རྒྱ་བསྐྱེད་བཏང་ནས།  འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།